བོད་ལ་འཕངས་པའི་མདའ།

ཁ་ནས་གླེང་དུས་ཤེས་པ་རང་ཉིད་ཀྱི་རྒྱན་ཡིན།།
དོན་དུ་ལག་ལེན་སྟོང་བ་རང་ཉིད་ཀྱི་མཚང་ཡིན།།
མི་གཤིས་བཙོ་སྤྱང་བྱེད་ལ་འཇོན་ཐང་ཞིག་བྱུང་ན།།
རང་གི་རིགས་ལ་འཁོ་བ་དེ་ཉིད་ལས་མི་འདུག།

མཐོན་པོ་ཡོད་ཚད་མཁས་པ་ཚད་ལྡན་ནི་ཡིན་དཀའ།།
དམའ་བ་ཐམས་ཅད་བླུན་པོ་རྨོངས་འཐོམ་ནི་མིན་ངེས།།
འགྲོ་བའི་རིགས་ཀྱི་སེམས་བྱུང་མི་ཀུན་ལ་ཡོད་པ།།
དེ་ཉིད་ཤེས་ལ་འབད་ན་རིན་ཐང་ནི་ཡོད་ངེས།།

ཡུལ་དུ་གྱར་ནས་རང་དབང་ལུང་བ་རུ་ཡོད་དུས།།
གཞིས་བསྡོད་བོད་མིའི་སྐྱིད་སྡུག་གླེང་བ་དེ་མཛེས་ཀྱང་།།
ཁ་ལ་ཚོད་མེད་རང་རིགས་སྤུན་ཟླ་ལ་དམོད་པ།།
དོན་གྱི་རང་རིགས་བརླག་པའི་གཞི་མ་ལས་མ་འདས།།

ཡི་གེ་འགོ་གཏིང་སྒྲིག་པ་མཛེས་མཛེས་ཤིག་ཡོད་ཀྱང་།།
ཡིག་ནོར་དོན་ནོར་མེད་པ་འབྲི་བ་དེ་བཟང་མོད།།
དོན་ལ་ཤ་ཞེན་གཙང་མའི་ལྷག་བསམ་རང་བོར་ཚེ།།
ཕྱི་ཤུན་ཁོ་ན་མཛེས་པའི་རྨ་བྱ་ལས་མ་འདས།།

མི་སེམས་ཁྲི་ཕྲག་མང་བོའི་རྒྱལ་ཁམས་ཤིག་འགྲིམ་ན།།
མི་སེམས་སྟོང་ཕྱུར་མང་བོའི་བསམ་བློ་ཞིག་བསྔོགས་དགོས།།
མི་ཡུལ་ས་མཐར་འགྲིམ་པའི་དོན་གོ་ཞིག་བསམ་ན།།
རིགས་རུས་བོད་ལ་སྐྱེ་བ་སེམས་གཏིང་ནས་མ་འབོར།།

འཇོན་མེད་ནུས་མེད་སྤྲང་འཁྱམ་ང་རང་གི་ངག་ལས།།
སེམས་ཀྱི་གཏིང་ནས་འཕངས་པའི་མདའ་མོ་ཡི་རྩེ་འདི།།
སུ་དང་གང་ལ་འཕོག་ཐུག་ཟ་ཟུར་ནས་བྱུང་ན།།
བརྩེ་བའི་ལྷ་ཡི་དྲུང་དུ་སེམས་ཁོང་ནས་འགྱོད་གཤེགས།།