ཚེ་རིང་འོད་ཟེར་ལ་གཟེངས་རྟགས།
བོད་ཀྱི་བུད་མེད་རྩོམ་པ་ཚེ་རིང་འོད་ཟེར་དང། ཏ་ཛན་ནི་ཡའི་གསར་འགོད་པ་ཝེ་ཀི་ནཱ་ཁྲལ་མ་གཉིས་ལ་༢༠༡༠ ལོའི་ལོ་འཁོར་གསར་འགྱུར་སྙིང་སྟོབས་ཀྱི་གཟེངས་རྟགས་སྤྲོད་རྒྱུ་དང། མེག་སི་ཁོ་ཡི་གསར་འགོད་པ་ཨ་ལན་གྷུ་ལི་མཱ་ལ་མི་ཚེའི་གཟེངས་ཐོན་གྱི་གཟེངས་རྟགས་སྤྲོད་རྒྱུ་གཏན་ཁེལ་བ་ཡོད་འདུག རྒྱལ་སྤྱིའི་བུད་མེད་གསར་ལམ་ཐེབས་རྩ་ཚོགས་པའི་གསར་འགོད་པའི་གཟེངས་རྟགས་དེའི་ཚོགས་ཆུང་གི་ཚོགས་གཙོས་ཁོང་ཚོས་དོན་དངོས་ཀྱི་གནས་ཚུལ་ཕྱིར་བསྒྲགས་ཆེད་དུ་ནང་མི་དང་སོ་སོའི་ཉེན་ཁ་དང་དཀའ་ངལ་ལ་མ་འཛེམས་པར་འཛམ་གླིང་ནང་མུན་ནག་ཁྲོད་ཀྱི་སྤྱི་ཚོགས་ལ་འོད་སྣང་སྤྲོད་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག ཕྱི་ཟླ་༡༠ ཚེས་༡༩ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང། ཚེས་༢༡ ཉིན་ཨ་རིའི་གྲོང་ཁྱེར་ལཱོ་སི་ཨན་ཇིལ་སི་རུ་གཟེངས་རྟགས་དེ་ཁག་སོ་སོར་སྤྲོད་རྒྱུ་ཡིན་པ་རེད།།