དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་ཡོང་འབབ་གསོག་པ།
ཟླ་འདིའི་ཚེས་༡༤ ཉིན་བོད་ནང་གི་བརྒྱུད་ལམ་ཁག་ཅིག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༩ བར་ལྗོངས་ཡོངས་སུ་རི་འགོར་དབྱར་རྩྭ་དགུན་འབུ་བརྐོ་བར་སོང་བའི་མི་གྲངས་༨༨༤༦༤ ཟིན་ཡོད་ཅིང་། ཉིན་རེར་མི་སྟོང་གཅིག་རེ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ཕྱི་ལོ་༢༠༠༩ ལོར་བོད་ལྗོངས་སུ་དབྱར་རྩྭ་དགུན་འབུ་ཐོན་པའི་རྫོང་༣༨ ཡོད་ཅིང་། ལོ་ཧྲིལ་པོར་དབྱར་རྩྭ་དགུན་འབུ་རྐོ་མཁན་གྱི་ཞིང་འབྲོག་དམངས་ཁྲི་༣༧﹒༧ ཙམ་བྱུང་བ་དང་། ལོ་གོང་མ་དང་བསྡུར་ན་མི་ཁྲི་༤﹒༩ ཇེ་ཉུང་དུ་ཕྱིན་ཡོད་པ་རེད། ལོ་ཧྲིལ་པོའི་དབྱར་རྩྭ་དགུན་འབུའི་ཐོན་ཚད་རྒྱ་མ་ཁྲི་༣﹒༦ ཟིན་ཞིང་། ལོ་གོང་མ་དང་བསྡུར་ན་བརྒྱ་ཆའི་༢༥ ཉུང་དུ་ཕྱིན་ཡོད་པ་རེད། ཡང་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱས་པའི་སྒོར་དུང་ཕྱུར་༢༠ ཙམ་སླེབས་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག
སྤྱིར་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་ཡོད་པའི་བོད་ཀྱི་ས་གནས་ཁག་ལ་ཆ་མཚོན་ན་ཡོང་འབབ་གསོག་པའི་དུས་ཚོད་གལ་ཆེ་ཤོས་དེ་ཡིན་སྟབས། ཁྱིམ་ཚང་རེ་རེའི་ནང་དུ་ཞིང་འབྲོག་གི་ལས་ཀ་ཙག་ཙིག་བྱེད་མཁན་ཕུད་གཞན་རྣམས་རི་ལ་ཆས་ནས་ཕལ་ཆེར་ཟླ་གཅིག་ཙམ་རིང་དབྱར་རྩྭ་དགུན་འབུ་བརྐོ་བའི་ལས་ལ་ཧུར་ཐག་གིས་བརྩོན་གྱི་ཡོད། ཡོང་འབབ་དེས་ཁྱིམ་ཚང་ནང་དུ་འབྲུ་རིགས་ཉོ་བ་དང། སྦག་སྦག་དང་རླངས་འཁོར་ཉོས་ནས་ཞིང་འབྲོག་མི་མང་གི་འཚོ་བ་ཡང་འཁྲུག་ཆ་དོད་པོ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་འཚོ་བ་ཡར་རྒྱས་སུ་ཕྱིན་པ་མངོན་གསལ་དོད་པོས་མཐོང་རྒྱུ་ཡོད་པ་ལས་གུང་ཁྲན་ཏང་གིས་ཞིང་འབྲོག་མི་མང་གི་འཚོ་བ་ཡར་རྒྱས་སུ་བཏང་བཞག་པ་ཞིག་གང་ཡང་མཐོང་རྒྱུ་མེད།
ད་བར་དབྱར་རྩྭ་དགུན་འབུ་བརྐོ་བའི་ཐད་རྒྱ་ནག་གཞུང་གིས་སྒྲིག་གཞི་དང་ས་མཚམས་མང་པོ་ཞིག་བཟོས་པར་བརྟེན། བོད་མི་ནང་ཁུལ་དུ་འཁྲུག་རྩོད་རིགས་བྱུང་བ་ཉུང་ཉུང་ཞིག་རྩ་བ་ནས་ཆགས་ཀྱི་མེད། དཔེར་ན། རྫོང་ཁག་ག་གེ་མོ་གཉིས་ཀྱི་ས་ཆ་ཕན་ཚུན་དབྱར་རྩྭ་དགུན་འབུ་བརྐོ་མཁན་ཡོང་མི་ཆོག་པར་བརྟེན་རྫོང་ཁག་དེ་གཉིས་ཀྱི་མི་མང་རྣམས་ཕན་ཚུན་གྱི་ས་མཚམས་ལས་ཅུང་བརྒལ་བའི་སྐབས། ཕྱོགས་གཉིས་ལ་རྣོ་ངར་ལྡན་པའི་འཁྲུག་རྩོད་ཤོར་གྱི་ཡོད་པ་སྟེ། ཕན་ཚུན་བར་རྨས་སྐྱོན་ཆེན་པོ་ཤོར་ནས་སྲོག་ཉེན་ལ་ཐུག་དགོས་པ་དེ་འདྲ་ཐེངས་མང་བྱུང་མྱོང་ཡོད་པ་རེད། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བར་ཆ་བཞག་ན། 《བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་བརྐོ་བའི་གནས་སྐབས་དོ་དམ་བྱེད་ཐབས》དང་། 《བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་གི་གནས་སྐབས་དོ་དམ་བྱེད་ཐབས》 ཞེས་པའི་སྒྲིག་གཞི་གཉིས་ཀྱི་འོག་ནས་འདོད་པ་ཡོད་མེད་དང། ནང་དོན་ཡག་ཉེས་ལ་མི་ལྟོས་པར་སྒྲིག་གཞི་དེ་གཉིས་ཀྱི་འོག་ཏུ་འགྲོ་དགོས་ཀྱི་ཡོད་པ་རེད།།