རྒྱ་གཞུང་གི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡུལ་ཤུལ་དུ་འབྱོར་བ།

པན་ཆེན་རྒྱལ་མཚན་ནོར་བུ་ཁུལ་དེར་ཡོད་པའི་སྐྱེ་རྒུ་དགོན་དུ་སོང་ནས་སྐྱེ་རྒུ་དགོན་པའི་གྲྭ་བཙུན་ཁག་ཅིག་དང་ལྷན་དུ་བསྔོ་བ་སྨོན་ལམ་བརྒྱབ་ཡོད་པ་དང། ད་དུང་ཁྲ་འགུ་དགོན་པར་ལྟ་སྐོར་བྱས་ཡོད་པ་རེད། ས་ཡོམ་བརྒྱབ་ཤུལ་དུ་ལས་ཀ་བྱེད་བཞིན་པའི་བཅིངས་འགྲོལ་དམག་ཁག་ཅིག་ལ་འཚམས་འདྲི་དང་བསྔགས་བརྗོད་ཀྱང་བྱས་ཡོད་འདུག འོན་ཀྱང་ད་ལྟའི་ཆར་ཁུལ་དེར་ཡོང་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་མི་མང་གིས་ཤེས་ཀྱི་མེད་པ་རེད།
རྒྱལ་མཚན་ནོར་བུ་ཁུལ་དེར་འབྱོར་གྱི་ཡོད་པ་མི་མང་གིས་ཤེས་རྟོགས་བྱུང་ཡང། མི་མང་སྤྱི་བྱིངས་རྣམས་དགའ་ཚོར་གང་ཡང་མེད་པར་སྣང་མེད་ངང་བསྡད་ཡོད་པ་ལས། དོན་ངོ་མའི་པཎ་ཆེན་རིན་པོ་ཆེ་ཕེབས་པ་ནང་བཞིན་གྱི་དགའ་ཚོར་དང། དད་ལྡན་མི་མང་འཚང་ཀ་ཤིག་ཤིག་ལྟ་བུའི་རྣམ་པ་གང་ཡང་མེད་པ་རེད། རྒྱ་གཞུང་གིས་ཆེད་དུ་བཙན་བཀའ་བཏང་ནས་བཀོད་སྒྲིག་བྱས་པའི་གྲྭ་བཙུན་ཁག་ཅིག་དང། མི་མང་ཁག་ཅིག་ལམ་གཡས་གཡོན་དུ་ལངས་བཅུག་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་པར་འདྲ་ཆགས་པོ་རེ་བཀོད་པ་མ་གཏོགས། བོད་ཀྱི་བླ་ཆེན་ཞིག་བོད་རང་གི་ས་ཆར་རང་བྱུང་གི་གནོད་འཚེ་ཡ་ང་བ་འདི་འདྲ་བྱུང་སར་ཕེབས་པ་ལྟ་བུའི་གསོན་ཤུགས་གང་ཡང་མངོན་རྒྱུ་མེད་པ་རེད།
སྤྱིར་རྒྱ་གཞུང་གིས་ད་ལྟའི་ཆར་པཎ་ཆེན་རྫུན་མ་རྒྱལ་མཚན་ནོར་བུ་ལ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཞེས་པའི་གོ་ས་སྤྲད་ནས་བེད་སྤྱོད་འདྲ་མིན་གཏོང་གི་ཡོད། འོན་ཀྱང་བོད་མི་མང་གི་སེམས་ནང་ཡོད་པའི་པཎ་ཆེན་རིན་པོ་ཆེ་ནི་༸གོང་ས་མཆོག་གིས་ངོས་འཛིན་མཛད་པ་དང། རྒྱ་གཞུང་གིས་བཙན་འཁྲིད་ཀྱིས་བཙོན་ཁང་དུ་བཅུག་པའི་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་དེ་ཡིན་པ་དང། དུས་རྒྱུན་བོད་མི་རྣམས་ཀྱིས་རྒྱལ་མཚན་ནོར་བུ་ལ་པཎ་ཆེན་རྫུན་མ་ཞེས་ཡོངས་གྲགས་ཀྱིས་གླེང་གི་ཡོད་པ་དེས་བོད་མི་རྣམས་ཀྱི་བསམ་འདུན་གང་ཡིན་མཚོན་གྱི་ཡོད་པ་རེད།
གང་ལྟར་རྒྱལ་མཚན་ནོར་བུ་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་ས་གནས་སྐྱེ་རྒུ་མདོར་འཚམས་འདྲིར་ཡོང་བ་དེ་འགྲིག་པ་ཞིག་ལས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཚན་ཁུར་ནས་ཡོང་བ་ནི་བོད་མི་རྣམས་ཀྱིས་ཁས་ལེན་ནམ་ཡང་བྱེད་འདོད་མེད་པ་མངོན་གསལ་དོད་དུ་ཕྱིན་ཡོད།།