རྒྱ་ནག་ནང་གི་ཉེན་ཁ་ཆེ་ཤོས་ཀྱི་བུད་མེད།
དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་ཨ་རིའི་ཨཱི་པཱོ་ཆིའི་དུས་བབས་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་གི་བདུན་རེའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཧུའུ་ཧྲུས་ལི་འམ། མིང་འདོགས་ལ་རྒྱ་ནག་ནང་གི་ཉེན་ཁ་ཆེ་ཤོས་ཀྱི་བུད་མེད་ཞེས་པ། ཉེ་བའི་ཆར་གློ་བུར་དུ་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་བ་དང། རྒྱ་ནག་ནང་གི་ཉེན་ཆེ་ཤོས་ཀྱི་བུད་མེད་ཅེས་བཏགས་དོན་ཡང། དུས་དེབ་དེའི་ཐོག་རྒྱ་ནག་དམར་ཕྱོགས་ཚོགས་པའི་དཔོན་རིགས་མང་པོའི་ནག་ཉེས་ཐེར་འདོན་བྱས་ཡོད་པ་དང། དེ་བཞིན་དབུས་གཞུང་གིས་དྲ་གནས་དམ་དྲག་དང། རྒྱ་ནག་གི་བཟོ་བདག་དང་དཔོན་རིགས་ཀྱི་འབྲེལ་བ། གཏེར་ཁ་སྔོག་འདོན། ལས་བཟོ་བའི་གླ་ཕོག་དྲང་བདེན་མིན་པ། རྒྱ་ནག་ཏུ་ནད་ཡམས་མང་པོ་ཡོང་དགོས་པའི་རྒྱུ་མཚན། རྒྱ་ནག་གི་དྲིལ་བསྒྲགས་སྡེ་ཚན་གྱི་ཁ་ཕྱོགས་བཅས་ལ། འཛེམས་ཟོན་མེད་པར་སྐྱོན་བརྗོད་སོགས་བྱས་པའི་རྐྱེན་གྱིས་ཡིན་པ་དང། དུས་དེབ་དེས་ཧུའུ་ཧྲུང་ལི་ཉེན་ཁ་ཆེ་བའི་གཡང་གཟར་ལ་འཁྲིད་བཞིན་ཡོད་སྐོར་སྔོན་དུས་ནས་འབྲེལ་ཡོད་མང་པོས་ཤོད་བཞིན་ཡོད་འདུག
ཟླ་བ་སྔོན་མའི་ཚེས་༢༧ ཉིན་ཧོང་ཀོང་ནང་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཀྱི་ཐོག རྩོམ་པ་པོ་ཧུའུ་ཧྲུས་ལི་ཆེད་དུ་གདན་ཞུས་ཀྱིས་གསུང་བཤད་གནང་སྐབས། “ང་རྒྱ་ནག་གི་དུས་དེབ་ཚཱེ་ཅིང་གི་རྩོམ་སྒྲིག་པ་ནས་དགོངས་པ་ཞུས་པ་དེ། སེམས་ཤུགས་ཆག་པ་མིན་ལ། ལས་དོན་གཞན་ཞིག་གི་འགོ་བརྩམས་ནས་འདས་པའི་ལོ་རྒྱུས་ནང་། ཇི་ལྟར་བྱས་ཡོད་པ་དེ་ལྟར་བྱེད་འདོད་ཡོད་ཅེས་དང། ང་གློ་བུར་དུ་རྩ་དགོངས་ཞུ་དགོས་བྱུང་བ་དེ་ནི་མགོ་རྙོག་གི་གནད་དོན་ཞིག་རེད། ད་ལྟའི་སྐབས་འདིའི་སྐོར་མང་པོ་བཤད་ཐུབ་ཀྱི་མི་འདུག་”ཅེས་བརྗོད་ཡོད་འདུག །