མི་ཐོག་གཉིས་ལ་བཙོན་བཅུག་མནར་གཅོད།

སྐབས་དེར་དབུས་གཞོན་ལྷན་གྱི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས། རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་གོང་མ་ལོ་གྲངས་མང་པོའི་རིང་ལ་བཙོན་འཇུག་བྱེད་མྱོང་བ་དང། ད་ལྟའི་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙོན་ཁང་དུ་བཅུག་ཡོད་པས། གང་ལྟར་མི་ཐོག་གཉིས་ལ་བཙོན་འཇུག་གི་མནར་གཅོད་བཏང་པ་དེ་ནི། འཛམ་གླིང་འདིའི་རྒྱལ་ཁབ་གང་ཞིག་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གནད་དོན་ཞིག་ཡིན་པ་དང། རྒྱ་གཞུང་གིས་བཙན་བྱོལ་ནང་གི་བོད་མི་ཚོ་ཁ་བྲལ་བ་རེད་ཅེས་བརྗོད་ཀྱི་ཡོད་ཀྱང། དོན་དངོས་ཐོག་ད་ལྟའི་རྒྱ་ནག་གི་དཔོན་རིགས་ཚོས་བྱེད་སྟངས་དེས། ཁ་བྲལ་བ་དང་བཙན་རྒྱལ་རིང་ལུགས་དངོས་གནས་དེ་རྒྱ་ནག་རང་ཉིད་ཆགས་ཡོད་པ་རེད་ཅེས་སོགས་གསུངས་སོང།
དེ་རྗེས་འགྲོ་བ་ཐོབ་ཐང་གི་འགན་འཛིན་གཞོན་པས། པཎ་ཆེན་སྐུ་གོང་མ་དགོངས་པ་རྫོགས་པ་དང། པཎ་ཆེན་ཡང་སྲིད་ཚོགས་ཆུང་ཞེས་པ་བཙུགས་ནས་བྱམས་པ་འཕྲིན་ལས་མཆོག་གིས་གཙོས་པའི་འབྲེལ་ཡོད་ལས་བྱེད་ཚོས་དཀའ་ལས་མང་པོ་བརྒྱབ་ཡོད་པ་དང། རྗེས་སུ་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེ་མཆོག རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས། ཡང་སྲིད་ཚོགས་ཆུང་འཐུས་མི་བྱམས་པ་འཕྲིན་ལས་སོགས་ཀྱང་འཛིན་བཟུང་བྱས་ཡོད་པས། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཚོགས་པ་འདྲ་མིན་གྱིས། རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་གང་དུ་་ཡོད་མེད་ཀྱི་ལན་འདེབས་དགོས་པའི་དགོས་འདུན་བཏོན་སྐབས། སྐད་ཆ་སྣ་ཚོགས་བཤད་ནས་གཡོལ་ཐབས་བྱས་པ་ལས། ད་ལྟའི་བར་ངེས་ཤེས་རྙེད་པའི་ལན་འདེབས་བྱུང་མེད་སྐོར་སོགས་གསུང་སོང།
དེ་རྗེས་ངོ་རྒོལ་བ་ཚོས་ཆར་རླུང་གི་ཁྲོད་ནས་སྐད་འབོད་ཀྱིས་དྷ་ཤོད་ཀ་ཅ་རི་བར་གོམ་བགྲོད་བྱས་པ་དང། དེར་ཧིན་སྐད་ཐོག་ནས་པཎ་ཆེན་རིན་པོ་ཆེ་ཚུལ་ཇི་ལྟར་བོར་བརླགས་སོང་ཡོད་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད། དེ་དང་འབྲེལ་ནས་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་མི་མང་གི་མཚན་རྟགས་བསྡུ་རུབ་དང། དགུང་དྲོ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་བཅས་སྤེལ་གྱི་ཡོད་པ་རེད།།