བློ་བཟང་སེངྒེ་ལགས་སུ་༢༠༡༡ལོའི་བཀའ་ཁྲིའི་བསམ་ཤོག་མང་ཤོས་ཐོབ་འདུག།
དེ་ཡང་བློ་བཟང་སེངྒེ་ལགས་ནི་ཐོག་མར་རྒྱ་གར་སུ་ན་མདའ་དང༌། རྡོར་གླིང་གཏན་སློབ་ནས་གཞི་རིམ་སློབ་གྲྭ་དང༌། དེ་ཁུལ་སནཊེ། ཇོ་སེབ་མཐོ་སློབ་ནས་འབྲིང་རིམ་སློབ་སྦྱོང་ཐོན། དེ་རྗེས་ལྡི་ལི་གཙུག་ལག་སློབ་གྲྭ་ནས་རབ་འབྱམས་པ༼BA༽་དང༌། ༼LLB༽ ཁྲིམས་ལུགས་སློབ་གཉེར་གནང༌། ཕྱི་ལོ་ ༡༩༨༨་ནས་༡༩༩༡་བར་ལྡི་ལི་ས་གཞོན་རྒྱུན་ལས་ཚོགས་གཞོན་དང༌། དྲུང་ཆེ། ཚོགས་གཙོ་བཅས་སུ་རིམ་པར་འདམས་བསྐོ་བྱུང༌། སྐབས་དེར་ཐའེ་ཝན་བོད་སོག་ལས་ཁུངས་ཀྱི་གསང་མྱུལ་ལྡི་ལི་འབྱོར་བར་གདོང་ལེན་ ལས་འགུལ་སྣེ་འཁྲིད་མཁན་གྱི་གྲས་ཤིག་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་ལའང་དུས་ ཐོག་འགོག་རྒོལ་གྱི་ལས་འགུལ་སྤེལ། དེ་ནས་རྡ་ས་བཞུགས་སྒར་དུ་བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་གནས་ འཕོས་ཀྱི་དྲིལ་བསྒྲགས་དོ་དམ་པའི་ལས་འཁུར་གནང༌།
ཕྱི་ལོ་༡༩༩༥་ལོར་རང་གཞུང་ཤེས་རིག་ལྷན་ཁང་ནས་སློབ་ཡོན་རོགས་རམ་བསྩལ་ཁོངས་ ཨ་རིའི་ཧར་ཝར་ཌེ་གཙུག་ལག་སློབ་གྲྭར་ཁྲིམས་ལུགས་སློབ་སྦྱོང་དུ་ཕེབས་ནས་སློབ་ རམས་པའི་༼Master’s ༽ཤེས་ཚད་ཐོན། དེ་མུར་ཞི་བའི་རྒྱ་མཚོའི་གཤོངས་ས་ཞིབ་འཇུག་ལྟེ་གནས་ཁང༌། ༼Pacific Basin Research Center༽ དང༌། ཤར་གླིང་ཤར་མའི་ཁྲིམས་ལུགས་སྡེ་ཚན། ༼East Asian Legal Studies༽ བཅས་སུ་ལོ་གཅིག་རིང་འཚམས་འདྲིའི་ལམ་ནས་སློབ་གཉེར་མཁས་པ། ༼Visiting Scholar༽ གནང་ཐོག ད་ལྟ་ཧར་ཝར་ཌེ་གཙུག་ལག་སློབ་གྲྭར་དགེ་རམས་པའི་༼Ph.D.༽ལམ་ཞུགས་རྒྱལ་སྤྱིའི་ ཁྲིམས་ལུགས་དང༌། རྒྱ་ནག་གི་ཁྲིམས་ལུགས། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་མཇུག་ སྐྱོང་གནང་མུས་རེད།
ཁོང་རང་རྒྱུན་དུ་བགྲོ་གླེང་གནང་རྒྱུར་དགའ་མོས་ ཆེན་པོ་ཡོད་པ་ལྟར། ཨ་རིའི་སྲིད་དོན་གྱི་གླེང་སྟེགས་འདྲ་མིན་ཐོག་བོད་རྒྱའི་འབྲེལ་ལམ་སྐོར་གཏམ་ བཤད་དང༌། བགྲོ་གླེང་ལ་ཕེབས་མྱོང་ཡོད་ཁར། རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཤེས་ཡོན་ཅན་བརྒྱ་ཕྲག་དང་ཕན་ཚུན་གོ་བསྡུར་ འཕྲོས་མོལ་གྱི་འབྲེལ་བ་གནང་བའི་གོ་སྐབས་ཀྱང་རིམ་ཐོབ་བྱུང་འདུག དེ་བཞིན་ཁོང་གིས་དྭང་བར་ཁུར་བླངས་ཀྱི་ཧར་ཝར་ཌེ་གཙུག་ལག་སློབ་གྲྭ་དང༌། དེ་མིན་ཨ་རི་ཁུལ་ས་གནང་མང་པོར་བོད་རྒྱའི་གནད་དོན་དང་འབྲེལ་ཆགས་བགྲོ་གླེང་ ཚོགས་འདུ་ཐེངས་འགའ་གོ་སྒྲིག་གནང་མྱོང་ཡོད་ཅིང༌། ཕྱི་ལོ་༢༠༠༡་ལོར་ཧ་ཝརཌེ་གཙུག་ལག་སློབ་གྲྭ་ནས་མཐུན་འགྱུར་བྱུང་བ་བཞིན་བོད་ རྒྱའི་མཁས་དབང་དང༌། གཞུང་འབྲེལ་མི་སྣ་ཁག་འདུས་པའི་བོད་དོན་ཚོགས་འདུ་རྒྱ་ཆེ་ཁག་གཉིས་དང༌། ཕྱི་ལོ་༢༠༠༢་ལོའི་ཟླ་ ༤་ནང་བོད་རྒྱའི་མཁས་དབང་དང༌། གཞུང་འབྲེལ་མི་སྣ་བརྒྱད་ཀྱིས་གཙོས་པའི་ཁྱོན་བསྡོམས་ཚོགས་མི་༣༠་ལྷག་ཙམ་ཡོད་ པའི་བགྲོ་གླེང་ཚོགས་འདུ་ཞིག་བཅས་སྔ་རྗེས་གོ་སྒྲིག་གནང་འདུག ཚོགས་འདུ་མཇུག་མ་དེའི་གཙོ་བོའི་བརྗོད་གཞི་ནི། བོད་དོན་དང༌། རྒྱལ་སྤྱིའི་བདེ་འཇགས་དབར་གྱི་འབྲེལ་བ་ལྷག་པ་བོད་ཀྱི་གནད་དོན་གྱིས་ཤར་གླིང་ ལྷོ་མ་དང༌། རྒྱ་ནག ཨུ་རུ་སུ། ཨ་རི་བཅས་ཀྱི་བདེ་སྲུང་ལ་ཤུགས་རྐྱེན་ཇི་ལྟར་ཡོང་མིན་སྐོར་རེད། ཁོང་གིས་དོ་སྣང་གནང་ཡུལ་གཞན་ཞིག་ནི། བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་ལས་འགུལ་སྤེལ་རྒྱུ་དེ་རེད། ལས་འགུལ་དེའི་ཆ་ཤས་སུ་བོད་མིའི་སྡོད་སྒར་པཱུར་ཝ་ལ་དང༌། པོག་ར་པོང་གཉིས་སུ་སློབ་གྲྭ་གསར་རྒྱག་ཆེད་རོགས་དངུལ་ཐབས་འཚོལ་གནང་བ་དང༌། དེ་མཚུངས་འདས་པའི་ལོ་བཞི་ཙམ་ནས་རྡོར་གླིང་དང༌། ཀ་སྤུག པོག་ར་པོང༌། སུ་ན་མདའ་བཅས་ཀྱི་གཏན་སློབ་དང༌། ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བཅས་ཀྱི་སློབ་གྲྭ་བ་རྣམས་ ཀྱི་རྒྱུན་གཏན་ཞལ་ལག་ཡར་རྒྱས་གཏོང་དམིགས་སུ་ཨ་རིའི་རོགས་རམ་ཚོགས་པ་ཁག་ནས་ དགོས་དངུལ་ཐབས་འཚོལ་མཐུན་འགྱུར་གནང་དང་གནང་མུས་འདུག