བོད་རྒྱ་འབྲེལ་མོལ་གྱི་འཕེལ་རིམ་ལ་ཞིབ་འཇུག་བྱེད་བཞིན་ཡོད།

དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་རྒྱལ་ས་མཱོ་སི་ཀོའི་ནང་ཡོད་པའི་ཡུལ་དེའི་གྲོས་ཚོགས་གོང་མའི་ཚོགས་ཁང་ཆེན་མོའི་ནང།  ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་སཱར་ཇི་ལཱབ་རོབ་ཀྱིས། ང་ཚོའི་གཞུང་ཕྱོགས་ནས་༧ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་འབྲེལ་བའི་འཕེལ་རིམ་ལ་གཟབ་ནན་ཐོག་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་དང། དེ་བཞིན་ཨུ་རུ་སུ་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་སེལ་ཆེད་དུ། ༧ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་དབར་འབྲེལ་མོལ་ཡོང་རྒྱུར་འབད་བརྩོན་དང་མཐུན་འགྱུར་ཞུ་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་ཅེས་གསུངས་ཡོད་པ་རེད།

ཨུ་རུ་སུའི་ཁྱབ་ཁོངས་སུ་ཡོད་པའི་ནང་པའི་གྲངས་ཉུང་མི་རིགས་ཁལ་མིག་སོགས་ཀྱིས། ཟླ་བ་སྔོན་མར་༧གོང་ས་མཆོག་ཡུལ་དེར་གདན་འདྲེན་ཞུ་རྒྱུའི་འཆར་འགོད་བྱས་ཡོད་རུང་། ཨུ་རུ་སུ་གཞུང་ཕྱོགས་ནས་ཆོག་མཆན་སྤྲད་མེད་པ་དང། ཡུལ་དེའི་ནང་པ་ཚོས་༧གོང་ས་མཆོག་ལ་དད་པ་དང་ཆོས་འབྲེལ་ཆེན་པོ་ཡོད་པས། གསར་འགོད་པ་ཚོས་ཕྱི་སྲིད་བློན་ཆེན་མཆོག་ལ། ༧གོང་ས་མཆོག་ཨུ་རུ་སུའི་ནང་ཆིབས་བསྒྱུར་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར། ང་ཚོས་དེའི་ཕྱོགས་ལ་མཐུན་འགྱུར་བསྐྲུན་རྒྱུར་གྲ་སྒྲིག་ཡོད་ཅེས་ལན་འདེབས་གནང་ཡོད་པ་རེད།།