༧རྒྱལ་བ་རིན་པོ་ཆེའི་སྙན་ལ་འཇོག་རྒྱུ་སོགས་རེ་བ་ཡིན།
ཨ་མདོ་བླ་བྲང་ཧོར་གཙང་མར་ཐང་ཞང་གི་ཉེ་འགྲམ་དུ་“ཨ་མདོའི་ཨར་འདམ་བཟོ་གྲྭ” ཟེར་བའི་ཨར་འདམ་གྱི་བཟོ་གྲྭ་ཆེན་པོ་ཞིག་ཡོད་པ་དེ་ལོ་རེ་བཞིན་གཞི་རྒྱ་ཆེ་རུ་གཏོང་གི་ཡོད་པ་དང་། ཉེ་འཁོར་གྱི་ལམ་ཁ་དག་ཏུ་བཟོ་གྲྭ་དེའི་རྡོ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ཆེ་ཆུང་མང་པོ་ཉིན་ལྟར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་སྟབས། མར་ཐང་ཞང་འོག་གི་ཡར་ཤུལ་ལུང་པའི་ལམ་ཁ་བཀག་སྟེ་ས་གནས་བོད་རིགས་མང་ཚོགས་རྣམས་འགྲོ་སྐྱོད་ལ་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། བཟོ་གྲྭ་དེའི་བཟོ་བ་རྣམས་ཀྱིས་ས་གནས་བོད་རིགས་ཚོར་བརྙས་བཅོས་ཚད་མེད་བྱེད་ཀྱི་ཡོད། ཡར་ཤུལ་ལུང་པ་ཟེར་བ་དེར་གྲོང་པ་ཆེ་ཆུང་ ༡༡ ཙམ་ཡོད་ལ། ཁྱོན་བསྡོམས་དུད་ཁྱིམ་ ༣༠༠ ལྷག་ཡོད།
སྤྱི་ལོ་ ༢༠༡༠ ལོའི་ཟླ་ ༥ ཚེས་ ༡༥ ཉིན་ཡར་ཤུལ་ལུང་པའི་གྲོང་པ་ཚང་མ་མཉམ་འབྲེལ་ཐོག་ལམ་ཁ་བསྐྱར་བཟོ་བྱེད་ཀྱི་ཡོད་སྐབས། བསང་ཆུ་རྫོང་གི་རྫོང་དཔོན་གཞོན་པ་ཡོང་སྟེ། སྐར་མ་ ༡༥ ནང་ཚུན་ལ་མང་ཚོགས་རྣམས་ཀྱིས་ལམ་ཁ་བཟོ་མཚམས་བཞག་སྟེ་ཕྱིར་ལོག་མ་བྱས་ཚེ་དྲག་གནོན་བྱ་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་སོང་། དེ་ནས་མང་ཚོགས་རྣམས་ཕྱིར་ལོག་བྱས་དང་བྱེད་བཞིན་པའི་སྐབས་སུ་རྒྱ་ནག་གི་དམག་མི་འབོར་ཆེན་ཡོང་སྟེ། མང་ཚོགས་ཁྲོད་གང་བྱུང་དུ་མེ་མདའ་བརྒྱབས་ཏེ་ས་གནས་བོད་མི་ ༡༥ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་ལ། རྨས་མ་གཅིག་གི་བྲང་ཁར་མེ་མདའ་ཕོག་ཡོད་སྟབས་ད་ལྟ་འདས་གྲོངས་སུ་འགྲོ་རྒྱུའི་ཉེན་ཁར་ཐུག་འདུག གཞན་བོད་མི་ ༤ འཛིན་བཟུང་བྱས་ཏེ་བསང་ཆུ་རྫོང་ཉེན་རྟོག་ལས་ཁུངས་སུ་ཁྲིད་སོང་།
གོང་གི་“ཨ་མདོའི་ཨར་འདམ་བཟོ་གྲྭ”ཟེར་བ་དེ་སྤྱི་ལོ་ ༡༩༨༥ ཙམ་ནས་ཚུགས་ཡོད་པ་ཞིག་ཡིན་ཞིང་། ད་ལྟ་བཟོ་པ་ ༦༠༠ ལྷག་ཡོད། བཟོ་གྲྭ་དེའི་དུ་བ་དང་ས་རྡུལ། དུག་རླངས་སོགས་ཀྱིས་ཧོར་གཙང་ས་ཁུལ་གྱི་གྲོང་སྡེ་མང་པོ་ཞིག་གི་རྩྭ་ས་དང་ནགས་ཚལ། ཞིང་ཁ། རྒྱུག་ཆུ་སོགས་ལ་གཏོར་བརླག་ཚབས་ཆེན་ཕོག་སྟེ། མི་ཕྱུགས་གཉིས་ཀར་ཤི་རྨས་ཚབས་ཆེན་འབྱུང་བཞིན་ཡོད། དེ་བཞིན་བླ་བྲང་གི་སྨད་རྒྱུད་དང་གཙོས་གྲོང་ཁྱེར་གྱི་བྱང་རྒྱུད་བཅས་ཀྱི་ཁོར་ཡུག་ཏུའང་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད། ཧོར་གཙང་ས་ཁུལ་གྱི་གི་གྲོང་སྡེ་མང་པོ་ཞིག་གིས་སྔ་རྗེས་སུ་གོང་རིམ་ལ་གཏུགས་བཤེར་ཡང་ཡང་བྱས་ཀྱང་། ཨར་འདམ་བཟོ་གྲྭ་དེའི་མགོ་ཁྲིད་དང་སྲིད་གཞུང་རིམ་པའི་དཔོན་རིགས་ཚོ་ངན་འབྲེལ་བྱས་ཡོད་སྟབས་ཕན་འབྲས་གང་ཡང་བྱུང་མེད། སྤྱི་ལོ་ ༢༠༠༨ ལོར་ཨར་འདམ་བཟོ་གྲྭ་དེའི་བཟོ་པ་ཚོས་ཧོར་གཙང་འོལ་བསེ་སྡེ་བའི་མང་ཚོགས་ལ་དྲག་རྡུང་བྱས་ཏེ། བོད་རིགས་ ༢༠ ལ་རྨས་སྐྱོན་བཟོས་ཏེ་སྨན་ཁང་ནས་རྒྱུན་རིང་འདུག་དགོས་བྱུང་ཡོད། ཐེངས་འདིའི་གནས་ཚུལ་དེ་རྒྱ་ཡིག་དང་བོད་ཡིག དབྱིན་ཡིག་སོགས་སྐད་ཡིག་མང་པོའི་ནང་བསྒྱུར་ཏེ་འཛམ་གླིང་ལ་ཁྱབ་བསྒྲགས་བྱ་རྒྱུ་དང་། ༧རྒྱལ་བ་རིན་པོ་ཆེའི་སྙན་ལ་འཇོག་རྒྱུ་སོགས་རེ་བ་ཡིན།
སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༦ ཉིན།
{jcomments on}