སྐྱེ་རྒུའི་བྱིས་པ་ལྔ་སྟོང་ལྷག་རྒྱ་ནག་གི་ཞིང་ཆེན་ལྔའི་ནང་གཏོང་རྒྱུ།

དེ་ཡང་རྒྱ་ནག་སློབ་གསོ་པུའུ་ཟེར་བས་ཕྱི་ཚེས་༡༩ ཉིན་བསྡུས་པའི་ཡུལ་ཤུལ་ས་ཡོམ་གནོད་ཁུལ་གྱི་སློབ་འབྲིང་སློབ་མ་ཞིང་ཆེན་གཞན་པར་གནས་སྤོར་བཀོད་སྒྲིག་བྱེད་པའི་གྲོས་མོལ་ཚོགས་འདུའི་སྟེང་། ཡུལ་ཤུལ་ས་ཡོམ་གནོད་ཁུལ་གྱི་སློབ་འབྲིང་སློབ་མ་༥༠༧༤ བསྐྱར་འཛུགས་བྱེད་པའི་དུས་སྐབས་ནང་། ཐེན་ཅིན་དང་ཧི་པེ། ཧྲན་ཞི། ལུའོ་ཉིན། ཧྲན་ཏུང་། སི་ཁྲོན། ཉིན་ཞ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་༧ ནས་སློབ་གྲྭ་འགྲིམ་པར་བཀོད་སྒྲིག་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་དང། ཡུལ་ཤུལ་ས་ཡོམ་གནོད་ཁུལ་གྱི་ཞིང་ཆེན་གཞན་དུ་སློབ་གྲྭ་འགྲིམ་པར་བཀོད་སྒྲིག་བྱས་པའི་དམའ་འབྲིང་དང་མཐོ་འབྲིང་གི་སློབ་མ་༥༠༧༤ ཡིན་འདུག་པ་མ་ཟད། དེའི་ནང་ཐེན་ཅིན་དུ་སློབ་མ་༥༦༣ དང་ཧི་པེ་རུ་སློབ་མ་༢༨༦ ཧྲན་ཞི་རུ་སློབ་མ་༡༠༢༧ ལུའོ་ཉིན་དུ་སློབ་མ་༦༧༣ ཧྲན་ཏུང་དུ་སློབ་མ་༦༠༠ སི་ཁྲོན་དུ་སློབ་མ༡༦༢༥ ཉིན་ཞ་རུ་སློབ་མ་༣༠༠ བཅས་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་འདུག

ཕྲུ་གུ་དེ་དག་ལ་མཚོན་ན་རྒྱ་ནག་གི་གྲོང་ཁྱེར་དང་རྒྱ་ནག་གི་ས་ཁུལ་ཁག་ཅིག་ཏུ་བཏང་ནས་བོད་པའི་ཡུལ་སྲོལ་རིག་གནས་ཀྱི་གོམས་གཤིས་རྩ་བརླག་ཏུ་འགྲོ་སྲིད་པ་མ་ཟད། ཐ་ན་བོད་སྐད་ཙམ་ཡང་མི་ཤེས་པའི་མི་རབས་ཤིག་ཏུ་འགྱུར་སྲིད་པས། ས་ཡོམ་གྱི་རྐྱེན་པས་ཡུལ་དེར་དཀའ་ངལ་ཤུགས་ཆེན་པོ་སྤྲད་པ་དང་། ད་དུང་བུ་རྒྱུད་རྣམས་ཀྱང་རྒྱ་མིན་བོད་མིན་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་འདི་ནི་ཕྱོགས་གང་ནས་བལྟས་ནས་སྡུག་བསྔལ་ཉིས་བརྩེགས་ལྟ་བུར་གྱུར་ཡོད་འདུག།

{jcomments on}