རྒྱ་ནག་མི་མང་གི་དྲི་བ་ཉིས་བརྒྱ་བརྒྱད་ཅུ་གྱ་ལྔ།
དེ་ཡང་བཀའ་འདྲི་ཞུས་པའི་ནང་ནས། ད་ལྟའི་ཆར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཉིས་བྱུང་ཡོད་པས། བོད་ཀྱི་མ་འོངས་པའི་ཆོས་ལུགས་དབུ་ཁྲིད་ཀྱི་ཐད་དང། ཡང་རྒྱ་ནག་གི་ངོས་འཛིན་བྱས་པའི་པཎ་ཆེན་བླ་མར། ༧གོང་ས་མཆོག་གི་གཟིགས་ཚུལ་ག་འདྲ་ཡོད་མེད་ཀྱི་སྐོར། རྒྱ་བོད་ཕྱོགས་གཉིས་ཀྱི་གྲོས་མོལ་རིམ་བརྒྱུད་ལ་གྲུབ་འབྲས་མ་བྱུང་བའི་རྒྱུ་མཚན། ༧གོང་ས་མཆོག་གི་དགོངས་ཚུལ་བཞིན་རྒྱ་བོད་མི་མང་ཆིག་སྒྲིལ་གྱི་ཐོག་ནས། རྒྱ་ནག་གི་དབང་ཆ་གཅིག་བསྡུས་རིང་ལུགས་འོག་ཏུ། རྒྱ་བོད་གཉིས་ཀྱི་དཀའ་ངལ་ཇི་ལྟར་སེལ་ཐུབ་མིན། རྒྱ་ནག་ཧན་མི་རིགས་དང་བོད་པ་གཉིས་དབར་འབྲེལ་ལམ་བཟང་པོ་ཡོང་ཐབས་ལ་ དགོངས་ཚུལ་གང་ཡོད་མེད། བོད་གཞུང་གིས་རྒྱ་ནག་ལ་སྤྲད་པའི་ས་གནས་མི་རིགས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང། བོད་ནང་ཡོད་པའི་རྒྱ་རིགས་ཚོའི་ཐོབ་ཐང་སྲུང་སྐྱོབ་སྐོར་གསལ་ཁ་མེད་པ་དང་། གལ་སྲིད་བོད་མིའི་དགོས་འདུན་འགྲུབ་ན་ད་ལྟའི་སྐབས་བོད་ནང་ཡོད་པའི་རྒྱ་རིགས་ཚོ་བོད་དུ་རྒྱུན་གནས་ཐུབ་ཀྱི་ཡོད་མེད། གལ་སྲིད་རྒྱ་ནག་གཞུང་གིས་སྐུ་ཉིད་ཕྱིར་བོད་དུ་ཕེབས་ཆོག་པ་དང་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྤྲད་ན། མ་འོངས་པའི་བོད་ཀྱི་ཆབ་སྲིད་སྒྲོམ་གཞི་དེ་ག་འདྲ་ཞིག་ཆགས་འདོད་ཡོད་མེད། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ས་གཙོ་བོ་གཅིག་ནི། བོད་ནང་རྒྱ་ནག་གི་དམག་དཔུང་མི་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་དང། དེའི་དམིགས་ཡུལ་གཙོ་བོ་ནི་བོད་དེ་རང་བཙན་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད་པའི་ཐད་ལ་དགོངས་ཚུལ་ཇི་ལྟར་ཡོད་མེད་དང། ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་ཞི་བའི་ཐོག་ནས་རྒྱ་བོད་ཀྱི་དཀའ་ངལ་སེལ་རྒྱུ་དེ་ཕལ་ཆེར་ཁག་པོ་ཆགས་འདུག་པས། ད་ལྟའི་བོད་ཀྱི་གནས་བབས་ལ་འཚམས་པའི་དགོངས་ཚུལ་གང་ཡོད་མེད་སོགས་དྲི་བ་༢༨ལ་༧གོང་ས་མཆོག་གི་ལན་འདེབས་གནང་ཡོད་པ་རེད།།
{jcomments on}