ཞོགས་དུང་གི་གྱོད་གཞི་ཞིབ་དཔྱོད་ལས་ཁུངས་སུ་རྩིས་སྤྲོད།
དེའི་སྐོར་ཞོགས་དུང་གི་བུ་མོ་ཡེ་ཤེས་མཚོ་མོས་གསར་ལམ་ཁག་ཏུ་འགྲེལ་བརྗོད་བྱས་པ་ལྟར་ན། ངའི་ཨ་ཕ་རྒྱ་གཞུང་གིས་འཇུས་ནས་ཟླ་གཅིག་ཙམ་འགྲོ་ཡི་འདུག ཕྱི་ཚེས་༢༠ ཉིན་ཞོགས་དུང་གི་ལས་ཁུངས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་གྱོད་གཞི་དེ་ཞིབ་དཔྱོད་ལས་ཁུངས་སུ་རྩིས་སྤྲད་སྐོར་དང། ལས་ཁུངས་ནས་གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མི་ཆོག་པའི་བཙན་བཀག་བཏང་སྐོར་བརྗོད་འདུག
འོན་ཀྱང་དེའི་སྐོར་ནང་མི་ལ་གསལ་བཤད་གང་ཡང་བྱས་མེད་སྐོར་དང། རྒྱ་གཞུང་ལ་ཡོངས་གྲགས་དང་ཡོངས་གྲགས་མིན་པ་ཞེས་པའི་ཁྲིམས་བཤེར་བྱེད་སྟངས་གཉིས་ཡོད་པས། ཞོགས་དུང་ལགས་ཡོངས་གྲགས་མིན་པའི་ཁྲིམས་བཤེར་བྱེད་རྒྱུ་ཡིན་བཟོ་འདུག་པའི་སྐོར་བུ་མོ་ཡེ་ཤེས་མཚོ་མོས་བརྗོད་ཡོད་པ་རེད། ཡེ་ཤེས་མཚོ་མོས་མུ་མཐུད། ཉེན་རྟོག་ལས་ཁུངས་སུ་ཕྱིན་པས་འབྲེལ་ཡོད་མི་སྣ་རྣམས་ཚོགས་འདུར་ཕྱིན་ནས་ཐུག་མེད་པ་དང། དེ་རྗེས་ཁ་པར་བརྒྱུད་སྐད་ཆ་དྲིས་དུས་ཁ་པར་བརྒྱུད་ནས་འདྲི་བརྩད་བྱེད་ཆོག་གི་མ་རེད་ཅེས་བཙན་བཀག་བཏང་ཡོད་པ་རེད།
ཁོང་གི་ནང་མི་སྤུན་མཆེད་རྣམས་ཟ་རྒྱུ་དང་གོན་རྒྱུ་སྐྱེལ་བར་འགྲོ་སྐབས་ནང་མི་སུ་གཅིག་ལ་ཐུག་བཅུག་མེད་པ་མ་ཟད། ཁོང་གི་གཉེར་བའི་དེབ་ཁང་དེ་ཡང་དེང་སང་སྒོ་བརྒྱབ་ནས་དཔེ་དེབ་འཚོང་བཅུག་གི་མེད་པའི་གནས་ཚུལ་སྤེལ་འདུག །