བཙན་བྱོལ་གཞུང་གི་སྐྱེ་ལྡན་སོ་ནམ་ལ་རེ་བ།
དེ་ཡང་ཉིན་དེའི་སྔ་དྲོ་སྐུ་མགྲོན་གཙོ་བོ་ས་གནས་གཞིས་འགོ་དཔལ་ལྡན་དོན་གྲུབ་དང། ནང་སྲིད་ལས་ཁུངས་ཀྱི་སོ་ནམ་ལས་དོན་གྱི་འབྲེལ་མཐུད་པ་དོན་གྲུབ་ཚེ་རིང། ས་གནས་མཉམ་འབྲེལ་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་བཅས་ནས་རིམ་པས་སྲོལ་རྒྱུན་སོ་ནམ་གྱི་ཐོན་སྐྱེད་གོང་མཐོར་གཏོང་དགོས་སྐོར་གསུང་སྐབས། འཛམ་གླིང་ནང་དེང་དུས་སོ་ནམ་གྱི་ཤུགས་རྐྱེན་ངན་པས་ས་བཅུད་ཉམས་པ་དང་འཐུང་ཆུ་སོགས་འབག་བཙོག་ཆགས་པའི་རྐྱེན་གྱིས་ནད་རིགས་འདྲ་མིན་གྱི་གཞི་རྩ་ཆགས་པ་དང་། དེ་བཞིན་རང་བྱུང་ཁོར་ཡུག་ལ་ཡང་གནོད་འཚེ་ཚབས་ཆེན་ཕོག་པས། ས་ཡོམ་དང་ཆུ་ལོག་སོགས་ཀྱི་མཚོན་པས་འབྱུང་བཞིའི་གནོད་པས་མི་རྒྱུ་གཉིས་ལ་གནོད་སྐྱོན་དང་གོད་ཆག་རིམ་པར་ཡོང་གི་ཡོད་པ་རེད། དཀའ་ངལ་དེ་དག་སེལ་ཆེད་བོད་གཞུང་ནས་འཕྲལ་ཕུགས་གཉིས་ལ་དགོངས་པ་ཆེ་བཞེས་ཀྱིས་སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་སྲིད་བྱུས་༢༠༠༢ ལོ་ནས་གཏན་འབེབས་ཀྱིས་ད་ལྟའི་ཆར་མོན་གྷོ་སྲོལ་རྒྱུན་སོ་ནམ་ཞིང་ལས་ཐོན་སྐྱེད་སོགས་ཕྱོགས་ཡོང་ནས་ཡར་རྒྱས་རིམ་པས་སོང་ཡོད་སྐོར་དང། སླད་ཀྱི་ཆར་ཡང་༧གོང་ས་མཆོག་དང་རང་གཞུང་གི་དགོངས་དོན་ཇི་བཞིན་ང་ཚོ་སོ་སོའི་རང་དོན་རང་གཅེས་ཀྱི་སྒོ་ནས་ཁེ་ཕན་ཆེ་བའི་ལམ་སྟོན་འོག་ལ་ཤར་བསྐྱོད་དང་ཡར་རྒྱས་ཚགས་ཚུད་གཏོང་རྒྱུར་དགོངས་བཞེས་དགོས་སྐོར་གསུངས་སོང།
དེ་བཞིན་ཉིན་དེའི་ཉིན་རྒྱབ་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་གི་འགན་འཛིན་བསྟན་འཛིན་དགྲ་འདུལ་དང། ཀོ་ལི་གྷལ་དོན་ལྡན་གླིང་གི་སོ་ནམ་སློབ་སྟོན་པ་འཇམ་དབྱངས་གཉིས་ཀྱིས་ལུད་སྦྱོར་འདྲ་མིན་དང་སོན་འབྲུ་གསོག་འཇོག་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་ལམ་སྟོན་གསལ་བཤད་གནང་རྗེས། ས་གནས་འགོ་འཛིན་ལས་ཁུངས་ནས་མོན་གྷོ་སྐྱེ་ལྡན་སོ་ནམ་ཞིང་པ་ཚོའི་ཐོན་སྐྱེད་ལས་བཟོས་པའི་ཟས་བཅུད་ཀྱི་གསོལ་ཚིགས་སྟབས་བདེ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།
སྐྱེ་ལྡན་སོ་ནམ་ནི་ཕུགས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ནའང། མཐུན་རྐྱེན་མ་ཚང་བ་དང། ལས་ཀ་མང་བ་སོགས་ཀྱིས་ཞིང་པས་ལག་བསྟར་དེ་ཙམ་བྱེད་མི་ཐུབ་པའི་དཀའ་ངལ་ཡང་འབྱུང་གི་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།