ལོ་ན་ཆུང་ཤོས་ཀྱི་གངས་འཛེགས་པ།

སྤྱིར་བལ་ཡུལ་གངས་འཛེགས་ལས་ཁུངས་ཀྱི་ལོ་ན་༡༦ ལ་མ་སོན་ན། གངས་འཛེགས་ཀྱི་ཆོག་མཆན་སྤྲོད་མི་ཆོག་པའི་སྒྲིག་གཞི་བཟོས་ཡོད་ཀྱང། བོད་ཕྱོགས་ནས་རྒྱ་ནག་གི་གངས་འཛེགས་ལས་ཁུངས་ཀྱིས་ལོ་ན་ལ་ཚོད་འཛིན་བྱེད་ཀྱི་མེད་པ་དང། ད་ཐེངས་ཀྱི་ཕྲུ་གུ་ཇོར་ཌན་རོ་མཱི་རོ་ཞེས་པ། རང་ཉིད་ཀྱི་ཕ་དང་ཤར་པའི་མི་རིགས་སྣེ་ཤན་པ་༣ གྱི་རོགས་རམ་ལ་བརྟེན་ནས་གངས་འཛེགས་བྱས་ཡོད་འདུག  སྔོན་དུས་བལ་ཡུལ་ནང་ལོ་ན་༡༦ ལ་སོན་པའི་ཕྲུ་གུ་ཞིག་ཇོ་མོ་གླང་མའི་རི་རྩེར་འཛེགས་མྱོང་ཡོད་པ་དེ། འཛམ་གླིང་ནང་གངས་འཛེགས་པ་ལོ་ན་ཆུང་ཤོས་གཉིས་པ་དེ་ཆགས་ཡོད་པ་རེད།

གངས་འཛེགས་པ་ཇོར་ཌན་རོ་མཱི་རོ་ཡི་ཨ་མས་གསར་འགོད་པར། “ངའི་བུས་གློ་བུར་དུ་ཁ་པར་བཏང་ནས། འཛམ་གླིང་གི་རི་བོ་མཐོ་ཤོས་ཀྱི་རྩེ་མོ་ནས་ཁྱེད་རང་ལ་ཁ་པར་གཏོང་གི་ཡོད་བརྗོད་བྱུང་”ཞེས་བཤད་ཡོད་པ་རེད། ཕྲུ་གུ་དེ་ལོ་ན་༡༠ ལ་སོན་སྐབས་ཨ་ཧྤི་རི་ཁ་དང་ཡུ་རོབ་སོགས་སུ་གངས་རི་མང་པོར་འཛེགས་མྱོང་ཡོད་པ་དང། གངས་འཛེགས་པ་ཁག་གཅིག་གིས་ཕ་མས་ཕྲུ་གུ་ལ་སྲུང་སྐྱོབ་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་རུང། ཇོ་མོ་གླང་མའི་རྩེ་ལ་ཐེངས་༢༠ འཛེགས་མྱོང་ཞིང། ལོ་ན་༥༠ ལ་སོན་པའི་ཤར་པའི་མི་རིགས་ཨ་ཕ་ཤར་པ་ཟེར་བས། ད་ལྟའི་བར་ཕྲུ་གུ་དེ་འདྲ་བ་མཐོང་མྱོང་མེད་ཅེས་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།།