སྐྱེ་རྒུ་མདོར་ཁང་པ་གསར་རྒྱག་སྐབས་མི་མང་གི་དཀའ་ངལ།

ཟླ་འདིའི་ཚེས་༢༣ ཉིན་སེར་བྱེས་ལྡན་མ་ཁམས་ཚན་གྱི་གྲྭ་ངག་དབང་སྟོབས་ལྡན་གྱིས་སྐྱེ་རྒུ་ཁུལ་གྱི་བོད་མི་དྲུག་ལ་ཁ་པར་བརྒྱུད་གནས་ཚུལ་མཁོ་སྒྲུབ་བྱས་ནས། གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། ས་ཡོམ་གྱིས་རྐྱེན་ལམ་དུ་སོང་བའི་ཤུལ་ལྷག་མི་མང་ལ་དེང་སྐབས་ཟས་གོས་ཀྱི་འཚོ་བའི་དཀའ་ངལ་ཆེན་པོ་མི་འདུག་ཟེར། དྭ་ཕྲུག་དང་བདག་མེད་བུ་ཕྲུག་མང་པོ་ཞིག་རྒྱ་ནག་ནང་དང་ཕྱོགས་གཞན་དུ་སློབ་འཇུག་བྱེད་ཀྱི་ཡོད་པ་དང། དེ་མིན་གཞན་པ་ཚོ་ས་གནས་སུ་འཕྲལ་སེལ་སློབ་གྲྭ་བརྒྱབ་ནས་སློབ་སྦྱོང་བྱེད་འགོ་ཚུགས་འདུག་པར། ཕྱི་ཕྱོགས་ནས་ཡོང་བའི་གཟིགས་སྐོར་བ་འཁྲིད་ས་ཡིན་པར་བརྟེན་མཐུན་རྐྱེན་ཡང་ཡག་པོ་འདུག ཡིན་ནའང་། yushu zakor1མི་མང་ལ་དེང་སྐབས་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ནི་སྐྱེ་རྒུ་གྲོང་རྡལ་གྱི་ཁང་པ་གསར་རྒྱག་གི་ལས་གཞི་དེ་འདོད་བློ་དང་མཐུན་པ་ཞིག་ཡོང་གི་མེད་པ་དེ་རེད་འདུག ཁོང་ཚོས་སེམས་ཚོར་ཆེན་པོས་བརྗོད་དོན་ལ། ང་ཚོ་སྔོན་མ་ས་ཆ་ཡོད་མཁན་རྣམས་ཀྱི་ཡིག་ཆ་ལྟར་གཞུང་གིས་ཐོ་ལེན་གྱི་འདུག་མོད། གཞུང་གིས་དམག་ཁང་ལྟར་བརྩེགས་གཅིག་ཅན་བང་བསྒྲིགས་ནས་བརྒྱབ་སྟེ། རྗེས་སུ་བགོ་སྤྲོད་བྱེད་ཀྱི་རེད་ཟེར།  དེ་ལྟར་བྱས་ན་སྔོན་མ་ས་ཁང་ཆེན་པོ་ཡོད་མཁན་ཚོའི་ས་ཤོར་གྱི་ཡོད་པ་དང། བོད་པའི་ཁང་གཟུགས་དང་བཅའ་བཀོད་བརླགས་འགྲོ་ཡི་རེད། གྲོང་རྡལ་གྱི་ངོ་བོ་རྒྱ་གྲོང་དུ་འགྱུར་གྱི་རེད། ཁང་པའི་ནང་གཏན་སྡོད་བྱེད་མཁན་ཚོར་འཚམ་པོ་མེད་པས་ང་ཚོ་མི་མང་གིས་ལས་གཞི་དེར་ངོས་ལེན་བྱེད་ཀྱི་མེད། ཉེ་ཆར་སྐྱེ་རྒུ་ཁུལ་གྱི་མཐོ་རིམ་ལས་ཁུངས་སུ་ཞུ་གཏུག་བྱས་ཀྱང། ཁོང་ཚོས་ཐག་གཅོད་ཐུབ་ཀྱི་མ་རེད། ཚང་མ་དབུས་གཞུང་གི་བཀོད་འདོམས་བྱེད་ཀྱི་ཡོད་རེད་ཅེས་སྙན་ཞུ་ལ་བདག་སྤྲོད་བྱེད་ཀྱི་མི་འདུག ང་ཚོའི་འདོད་པ་ནི་སྔར་ཡོད་སོ་སོའི་ཁང་པ་བསྐྱར་གསོ་བྱ་རྒྱུ་གཙོ་བོ་བྱས་ནས་བོད་ལུགས་ཀྱི་ཁང་པ་རྒྱག་དགོས་ཀྱི་ཡོད་པ་དེ་རེད་ཅེས་བརྗོད་པ་ཡིན་ཞེས་འགྲེལ་བརྗོད་བྱས་སོང།

ད་དུང་སྐྱེ་རྒུའི་མི་མང་ལ་སེམས་ཁྲལ་གཞན་ཞིག་ཡོད་པ་ནི་ཁང་པ་གསར་རྒྱག་གི་ལས་གཞི་འདི་ལ་ཁ་གཡར་ནས་རྒྱ་རིགས་ལས་བཟོ་བ་ཁྲི་ལྷག་ཅིག་ས་གནས་སུ་ཡོང་ནས་ལོ་གསུམ་བཞིར་འདུག་རྒྱུ་ཡིན་པ་དང་ཁོང་ཚོ་རྗེས་སུ་ས་གནས་དེར་གཞིས་ཆགས་ནས་གཏན་སྡོད་བྱེད་མི་ཡོང་ངམ་སྙམ་པ་དེ་རེད།

yushu zakorདེའི་ཐད་བོད་རིགས་ཡུལ་མི་ཞིག་གིས་བརྗོད་དོན། ང་ཚོའི་གྲོང་རྡལ་ནི་དེང་སྐབས་བོད་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཚང་མའི་ནང་གི་རྒྱ་རིགས་ཉུང་ཤོས་ཡིན་མོད། ད་ལོའི་ས་ཡོམ་རྗེས་སུ་ཁང་པ་གསར་རྒྱག་གི་ལས་གཞིར་ཁ་གཡར་ནས་རྒྱ་མི་ཁྲི་ཚོ་རེ་གཉིས་ས་གནས་འདིར་གཏན་སྡོད་བྱེད་མི་ཡོང་ངམ་བསམ་གྱི་ཡོད། དེ་འདྲ་བྱས་ན་རྗེས་སུ་དཀའ་ངལ་མང་པོ་འཕྲད་ཀྱི་རེད་ཅེས་བརྗོད་སོང་། སྐྱེ་རྒུ་གྲོང་རྡལ་གྱི་ཐག་ཉེ་ཤོས་སུ་ཡོད་པའི་ཁྲི་འདུ་རྫོང་དུ་ཁང་པ་གས་འཐོར་བྱུང་བ་མང་པོ་ཡོད་པར་བརྟེན་མི་མང་རས་གུར་ནང་སྡོད་ཀྱི་ཡོད་པ་དང། ཁོང་ཚོ་ཡང་རྒྱ་གཞུང་གིས་ཁང་པ་གསར་རྒྱག་བྱེད་རྒྱུ་ཡིན་པའི་གནས་ཚུལ་བྱུང་སྐབས་མི་མང་གིས་ཁང་པ་བོད་ལུགས་ལྟར་རྒྱག་དགོས་པ་དང། དེ་ཡང་སོ་སོའི་ཁང་པ་བསྐྱར་གསོ་བྱེད་རྒྱུ་ལས་གཞན་ཁང་པ་གསར་རྒྱག་དགོས་ཀྱི་མེད།   གལ་ཏེ་གཞུང་གིས་དེ་ལྟར་བྱེད་ཤེས་ཀྱི་མེད་ན་ཁང་བདག་སོ་སོར་སྒོར་མོ་སྤྲད་ན་ང་ཚོས་ཁང་པ་བོད་ལུགས་ལྟར་བསྐྱར་གསོ་བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད་ཅེས་མིང་འདོན་འདོད་མེད་མཁན་ཞིག་གིས་བརྗོད་སོང། ཆུ་དམར་ལེབ་རྫོང་དུ་ཁང་པ་གས་སྐྱོན་ཤོར་བ་མང་པོ་བྱུང་ཡོད་ཀྱང་ཁོང་ཚོ་ནི་ཁང་པའི་ནང་གནས་སྡོད་བྱེད་ཀྱི་ཡོད་པ་ལས། གཞུང་གིས་གཟིགས་སྐོར་དང་རོགས་སྐྱོར་གང་ཡང་མེད་ཅེས་ས་གནས་མི་སེར་ཞིག་གིས་བརྗོད་ཡོད་པ་རེད།།
མེ་སོར་གསར་འགོད་པས།

{jcomments on}