རྣམ་གྲོལ་གླིང་དུ་སྐྱེ་རྒུའི་ས་ཡོམ་ལ་བསྔོ་སྨོན།

ཟླ་འདིའི་ཚེས་༢༥ ཉིན་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་དུ་དགེ་འདུན་པ་གཅིག་སྟོང་ལྷག་གིས་བསྔོ་སྨོན་དང་མཆོད་འབུལ་རྒྱ་ཆེ་བྱེད་བཞིན་པར་འབྲེལ་ཡོད་དགེ་འདུན་པ་ལས་བྱེད་ཅིག་གིས་ང་ཚོས་སྐྱེ་རྒུ་ཁུལ་དུ་ས་ཡོམ་བྱུང་ཉིན་ནས་མི་དང་སྒོ་ཕྱུགས་མང་པོ་རྐྱེན་ལམ་དུ་སོང་བར། དགུང་ཞག་ཞེ་དགུ་མ་ཚང་བར་དུ་ཆོས་ཕྱོགས་ཀྱི་བདུན་ཚིགས་རེ་རེ་བཞིན་འདི་ལྟར་བསྔོ་སྨོན་སྐྱབས་འཇུག་དང་མཆོད་འབུལ་བྱེད་ཀྱི་ཡོད་ལ། དགེ་འདུན་པ་གཅིག་སྟོང་ལྷག་ཅིག་གིས་ཞི་ཁྲོ་དང་བཟང་སྤྱོད་སྨོན་ལམ་སོགས་གསུངས་ནས། མཆོད་མེ་སྟོང་ཚར་མཆོད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་སོང།

གཞན་སློབ་དཔོན་པདྨ་བཀྲ་ཤིས་ལགས་ཀྱིས་ཉེ་ཆར་སྐྱེ་རྒུ་ཁུལ་དུ་རྐྱེན་ངན་བྱུང་བར་མདོ་དབུས་ཁམས་གསུམ་གྱི་བོད་རིགས་རྣམས་ཀྱིས་དམིགས་བསལ་རོགས་སྐྱོར་བྱས་པ་རེད། ལྷག་པར་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཀྱིས་འགན་ཁུར་ཤུགས་ཆེ་བྱས་ཡོད་པ་དང། རོགས་སྐྱོར་དང་གཟིགས་སྐྱོང་རྒྱ་ཆེན་པོ་བྱས་འདུག་པར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། དགེ་འདུན་པ་རྣམས་ཀྱིས་མི་མང་ལ་དཀའ་ངལ་འཕྲད་སྐབས་རོགས་པ་བྱེད་རྒྱུ་དང་མགོན་སྐྱོབ་གནང་རྒྱུ་ནི་ད་ཐེངས་ཀྱི་གནས་ཚུལ་གཅིག་པུ་མ་རེད། ད་ལོ་གསར་འགྱུར་བརྒྱུད་ལམ་དུ་སླེབས་པ་ཙམ་རེད་མ་གཏོགས། ནམ་རྒྱུན་ནས་དེ་ལྟར་བྱེད་བཞིན་པ་རེད། འདི་ནི་ཁོང་རྣམ་པའི་སེམས་བསྐྱེད་དང་ཕྱག་ལས་གཙོ་བོ་ཞིག་རེད་ཅེས་གསུངས་སོང་། ཁོང་གིས་མུ་མཐུད་དུ་ངའི་གཉེན་ཉེ་དང་སྤུན་མཆེད་བཅུ་ཙམ་རྐྱེན་ལམ་དུ་ཕྱིན་འདུག ང་ཚོ་ཡུལ་ཤུལ་ཁུལ་གྱི་ས་ཡོམ་ཕོག་ཡུལ་གྱི་འབྲེལ་ཡོད་སོ་སོའི་ནང་མི་དང་གཉེན་ཉེའི་ཤི་གྲངས་རྣམས་ཕྱོགས་བསྡུས་གྲངས་བཤེར་ཞིག་བྱས་པ་ཡིན་ན་ཁྲི་ལས་བརྒལ་འདུག་པར་བརྒྱ་ཆ་བརྒྱ་ཚོད་དཔག་བྱེད་ཐུབ་ཀྱི་འདུག རྒྱ་ནག་གིས་བཤད་པའི་མི་ཤི་བའི་གྲངས་འབོར་དེ་བདེན་པ་གཏན་ནས་མ་རེད། དེ་ནི་ཁོ་རང་ཚོའི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གིས་ཡིན་ས་རེད་ཅེས་བརྗོད་སོང་།
དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེལ་ཀོབ་དང་ཧོང་སུར། ཀོ་ལི་གྷལ་བཅས་ཀྱི་རིས་མེད་དགོན་སྡེ་ཁག་དང་མི་མང་གིས་སྐྱེ་རྒུར་དམིགས་ཏེ་བདུན་ཚིགས་ཁག་ལ་བསྔོ་སྨོན་དང་མཆོད་འབུལ། སྐྱབས་འཇུག་བྱེད་བཞིན་པ་རེད།། མེ་སོར་གསར་འགོད་པས།