ྋཔཎ་ཆེན་རིན་པོ་ཆེའི་སྲས་མོ་ཡུལ་ཤུལ་དུ་ཕེབས་པ།
བཟའ་བཅའ། གྱོན་པ། སྨན་བླུགས་པའི་ཟོག་འདྲེན་རླངས་འཁོར་ཆེ་བ་གྲངས་ ༩ དང་ལྷན་སྐུ་ངོ་མ་སྐྱེ་དགུ་མདོར་འཚམས་འདྲིར་ཕེབས་པ་མ་ཟད། ཡུལ་ཤུལ་རྒན་གསོ་དང༌། ཡུལ་ཤུལ་དྭ་ཕྲུག་སློབ་ཁང༌། སྐྱེ་དགུ་དགོན་པ། ཁྲ་འགུ་དགོན་པ། ལས་རིགས་སློག་གྲྭ། མང་ཚོགས་རྣམས་ལ་རྒུད་སྐྱོབས་དང་འཚམས་འདྲིའི་སེམས་གསོ་གནང༌།
ཟླ་ ༤ ཚེས་ ༢༤ ཡབ་གཞིས་པཎ་རིག་འཛིན་དབང་མོ་ཆེད་མངགས་ཀྱིས། བཀྲ་ཤིས་དར་དུང་གི་མདུན་ངོས་སུ་ས་འགུལ་ལས་འདས་གྲོངས་ཕྱིན་པའི་གཤིན་པོ་རྣམས་དུག་བསྲེག་གཏོང་སར་ཕེབས་ཏེ། སྐྱེ་རྒུ་དགོན་པའི་བླ་མ་དབང་པོ་ལྕང་ཀེ་རིན་པོ་ཆེ་དང༌། ཁྲ་འགུ་དགོན་པའི་བླ་མ་བློ་གྲོས་ཉི་མ། ཁམས་སེར་ཤུལ་དགོན་གྱི་ཁྲི་པ་རིན་པོ་ཆེ། ཁམས་ལི་ཐང་གི་བླ་མ་ཡོན་ཏན་ཕུན་ཚོགས། རྒྱ་མཚོ་རིན་པོ་ཆེ། ཨ་མདོ་བླ་མ་བློ་བཟང་རིན་པོ་ཆེ། དགེ་བཤེས་བསོད་ནམས་སོགས་བླ་སྤྲུལ་ཆེ་གྲགས་བརྒྱ་ལྷག་ལྷ་ཞུགས་ཀྱིས་རྐྱེན་འདས་སུ་གྱུར་པ་རྣམས་ལ་བསྔོ་སྨོན་ཚོགས་སྒྲུབ་གནང་ཞིང༌། སྐབས་དེར་དད་ལྡན་སེར་སྐྱ་མི་མང་སྟོང་ཚོ་འགའ་མཉམ་ཞུགས་གནང༌། སྲས་མོ་མཆོག་སྐྱེ་དགུའི་ས་ཁུལ་གང་དུ་ཕེབས་ཀྱང༌། དད་ལྡན་བོད་རིགས་སེར་སྐྱ་མི་མང་ཚོས་ཚ་ཚ་འུར་འུར་ངང་ཕེབས་བསུ་ཞུས་འདུག
ྋཔཎ་ཆེན་རིན་པོ་ཆེའི་སྲས་མོས་གནོད་ཁུལ་མི་མང་ལ་གནང་བ་དེ་ཕྱིའི་རྒུད་སྐྱོབས་ཞལ་འདེབས་ཙམ་མིན་པར། ནང་ཡིད་ཆད་ཀྱི་སེམས་ཁོངས་གྲང་གྲང་དེར། ཚ་སོབ་སོབ་ཀྱི་སེམས་གསོའི་སྙིང་སྟོབས་ཤིག་སྦྱིན་ཐུབ་པ་བོད་རིགས་མི་མང་གི་བཞིན་མདང་ལས་མངོན་སྐབས། ད་ལྟ་འབུམ་རམས་པའི་སློབ་ཕྲུག་ཡིན་པའི་སྲས་མོའི་ཕྲག་སྟེང་དུ་འགན་འཁྲིས་ལྗིད་སྟིག་སྟིག་ཏུ་གནོན་བཞིན་པའི་ཚོར་བ་སྟེར། མཐའ་མཇུག་ཁོང་ཡུལ་ཤུལ་མི་མང་དང་ཞལ་གྱེས་ཞུ་སྐབས། ྋཔཎ་ཆེན་བཅུ་པ་ཆེན་པོའི་རྣམ་ཤེས་དང་ལྷན་དུ། ཤིན་པོ་ཚོར་བསྔོན་སྨོན་གསོལ་འདེབས་དང་གསོན་པོ་ཚོས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཁྱིམ་གཞི་གསར་སྐྲུན་དགོས་པའི་རེ་བ་དང་ཡིད་ཆེས་ཞུས།
བོད་མི་མང་གི་བློ་གཏད་བཅོལ་ཡུལ་ཞིག་ཡིན་ན། དེར་རྒྱ་ནག་གཞུང་གིས་དམ་དྲགས་ངང་མེ་སྟག་ཕུ་ཐུང་ནས་བསོད་པ་བཞིན། ྋཔཎ་ཆེན་རིན་པོ་ཆེའི་སྲས་མོ་ཡང་ཕྱི་ལོ་ ༢༠༠༠ ཨ་རིའི་སློབ་སྦྱོང་གི་མཇུག་སྐྱེལ་མ་བཅུག་པར་པེ་ཅིང་དུ་བསྐོང་བ་མ་ཟད། སྲིད་གཞུང་གི་ཆོག་མཆན་མེད་པར་བཅར་འདྲི་དང་ལེན་མི་ཆོག་ལ། འགྲོ་འདུག་སྤྱོད་གསུམ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལག་ཏུ་ཡོད། འོན་ཀྱང༌། བོད་མི་མང་གིས་ནམ་ཡང་བརྗེད་དཀའ་བའི་ྋཔཎ་ཆེན་བཅུ་པ་ཆེན་པོར་བཅངས་པའི་དད་འདུན་ཡོད་ཚད། རྒྱ་ནག་གཞུང་གི་བཙན་བསྐོས་བྱས་པའི་པཎ་ཆེན་རྫུན་མའི་སྟེང་མིན་པར། ཡབ་གཞིས་པཎ་རིག་འཛིན་དབང་མོའི་སྟེང་འཕོས་པ་ལྟར་གྱི་དད་འདུན་བློ་བཅོལ་ཞུ་བཞིན་པ། ད་ཐེངས་སྐྱེ་དགུ་མདོར་སྲས་མོ་དང་པཎ་ཆེན་རྫུན་མ་རྣམ་གཉིས་ཕེབས་སྐབས། མི་མང་གི་རྣམ་འགྱུར་ལས་ཁ་གསལ་གཏིང་གསལ་དུ་མངོན་སྟབས། སྲས་མོ་མཆོག་སྐྱེ་དགུ་མདོར་ཕེབས་པའི་མཛད་འཕྲིན་མཚོ་སྔོན་རླུང་འཕྲིན་གཙོས་གསར་ལམ་ཁག་ཏུ་བསྒྲགས་མེད།
ཡབ་གཞིས་པཎ་རིག་འཛིན་དབང་མོ་ནི། ཕྱི་ལོ་ ༡༩༨༣ ཟླ་ ༦ ནང་ྋཔཎ་ཆེན་བཅུ་པ་ཆེན་པོ་མཆོག་དང་གསང་ཡུམ་བདེ་ཆེན་དབང་མོ་གཉིས་ཀྱི་སྲས་སུ་་འཁྲུངས། དགུང་ལོ་ ༥ སོན་སྐབས་ཡབ་མཆོག་ྋཔཎ་ཆེན་བཅུ་པ་ཆེན་སྐུ་གཤེགས་སྟབས། གསང་ཡུམ་གྱིས་དགུང་ལོ་ ༡༣ ལ་སོན་པའི་སྲས་མོ་ཨ་རིར་སློབ་སྦྱོང་དུ་མངགས། ཕྱི་ལོ་ ༢༠༠༠ རྒྱ་གཞུང་གིས་ཕྱིར་བཀུག ད་ལྟ་པེ་ཅིང་ཅིན་ཧ་སློབ་གྲྭ་ཆེན་མོར་འབུམ་རམས་པའི་སློབ་ཞོར་དུ་རྒྱལ་ཡོངས་གཞོན་ནུ་མནའ་སྦྲེལ་ཚོགས་པ། བོད་ལྗོངས་རྒྱ་གྲམ་དམར་པོའི་མཚན་འཛིན་གཞོན་གནང་བཞིན་ཡོད། ཕྱི་ལོ་ ༡༩༨༩ དང༌། ༢༠༠༠ ། ༢༠༠༦ ། ༢༠༠༨ ། ༢༠༡༠ སོ་སོར་བོད་ལ་ཕེབས་སྐབས་བོད་མི་མང་ཧ་ཅང་དད་གུས་ཆེན་པོས་ཕེབས་བསུ་ཞུས། སྲས་མོ་མཆོག་ད་ལྟའི་བར་ཆབ་མདོར་ཕེབས་མྱོང་མེད་སྟབས། ཁུལ་དེའི་བོད་རིགས་ཤིག་གིས། བོད་ཆོལ་ཁ་གསུམ་ནི་ཡབ་གཞིས་རིག་འཛིན་དབང་མོའི་ཕ་ཡུལ་ཡིན་པས། སྲས་མོ་མཆོག་ད་བར་ཆབ་མདོར་ཕེབས་མ་ཐུབ་པར་འཁང་ར་ཡང་གནང་གིན་འདུག།