སྐྱེ་རྒུ་མདོར་ཡང་བསྐྱར་ས་ཡོམ་རིམ་པ་༥་༤ བརྒྱབ་པ།

 

འོན་ཀྱང་རྒྱ་གཞུང་གི་ཤིན་ཧཱ་གསར་ཁང་དང། རྒྱ་ནག་ཉིན་རེའི་གསར་འགྱུར་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། དུས་ཚོད་གོང་མཚུངས་ཐོག་ས་ཡོམ་རིམ་པ་༥་༧ བརྒྱབ་པའི་སྐོར་གྱི་གནས་ཚུལ་སྤེལ་བ་ཙམ་ལས། མི་ཤི་གོད་ཆག་གི་གནས་ཚུལ་བྱུང་ཡོད་མེད་གསལ་ཁ་གང་ཡང་མེད་པ་རེད། དེ་བཞིན་ཨ་པི་གསར་ཁང་གིས་ཀྱང་ད་ལྟའི་ཆར་མི་སྣ་ཤི་རྨས་དང་། རྒྱུ་ནོར་གྱོང་གུད་བྱུང་བའི་གནས་ཚུལ་འབྱོར་མེད་པར་བརྗོད་ཡོད་པ་རེད།

ཕྱི་ཟླ་༤ ཚེས་༡༤ ཉིན་ཡུལ་ཤུལ་ཁུལ་དུ་ས་ཡོམ་རིམ་པ་༦་༩ བརྒྱབ་ནས་མི་སྣ་ཤི་རྨས་ཧ་ཅང་ཚབས་ཆེན་བྱུང་ནས་ད་ལྟ་བར་ཟླ་གཅིག་དང་ཕྱེད་ཀ་ཙམ་ལས་འགྲོ་ཡི་མེད་པ་དང། དེར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱིས་ཤི་བོའི་འདས་མཆོད་དང་གསོན་པོའི་སྐྱབས་འཇུག་རྒྱ་མ་ཆུང་བ་ཞིག་བྱས་ཡོད་པ་མ་ཟད། བོད་མི་རྣམས་ཀྱི་སེམས་ཀྱི་བརྟེན་ས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཕེབས་པའི་རེ་བ་གནང་ཡང། རྒྱ་གཞུང་གིས་ད་བར་བརྡ་ལན་གསལ་པོ་ཞིག་གང་ཡང་སྤྲད་མེད་པ་རེད།

རྒྱ་གཞུང་ལ་ཆ་མཚོན་ན་ཟླ་སྔོན་མའི་རིམ་པ་༦་༩ ཅན་གྱི་ས་ཡོམ་ལ་རྒྱ་གཞུང་གིས་༧་༡ ཅན་གྱི་ས་ཡོམ་ཞེས་ཡོངས་གྲགས་ཤོད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ས་ཡོམ་ཤུགས་ཆེན་པོ་དེ་འདྲ་བརྒྱབ་དུས་མི་ཤི་གོད་ཆག་མི་འབྱུང་བ་ཅི་ལ་སྲིད་ཟེར་བ་ལྟ་བུའི་རྒྱ་གཞུང་རང་ཉིད་ཀྱི་སྐྱོན་ཆ་འགེབ་སྲུང་བྱ་ཆེད་ཡིན་པ་ཡོངས་གྲགས་ལྟ་བུ་ཆགས་ཡོད།།

{jcomments on}