ཏཱ་ལའི་བླ་མ་མཆོག་ཆོས་ཀྱི་དབུ་ཁྲིད་ལ་ངོས་འཛིན་བྱེད་ཀྱི་ཡོད།
དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༦ ནས་འགོ་འཛུགས་ཀྱིས་ཉིན་དྲུག་རིང། རྒྱ་གར་གྱི་སྲིད་འཛིན་པཱ་ཊིལ་མཆོག་གིས། རྒྱ་ནག་གི་སྲིད་འཛིན་དང་འཛིན་བློན་སོགས་དཔོན་རིགས་ཆེ་ཁག་དང་། གྲོང་ཁྱེར་དང་བཟོ་གྲྭ འགྲེམས་སྟོན་ཁང་སོགས་སུ་གཟིགས་སྐོར་གནང་ཡོད་པ་དང། གཟིགས་སྐོར་དེ་ནི་ཨ་རིའི་རྒྱལ་དོན་དྲུང་ཆེ་དང་ནོར་སྲིད་བློན་ཆེན་གཉིས་གཙོས། ཨ་རིའི་སྐུ་ཚབ་༢༠༠ ཙམ་རྒྱ་ནག་ཏུ་གཟིགས་སྐོར་གྲུབ་མ་ཐག་པའི་སྐབས་དང་ཁེལ་ཡོད་པས། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་གཉིས་ཀྱིས། རྒྱ་ནག་དམར་ཕྱོགས་ཚོགས་པར་སྤྲེལ་ལད་ཀྱི་འགྲན་རྩོད་བྱེད་ཀྱི་ཡོད་པ། རྒྱལ་ཁབ་མང་པོའི་དཔོན་རིགས་ཚོར་མཐོང་སྣང་བྱུང་ཡོད་འདུག
ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ཚོ་ཐུག་སྐབས། རྒྱལ་ཁབ་ཕན་ཚུལ་གྱི་ཚོང་དོན་དང་བདེ་འཇགས་ཁོ་ན་གླེང་སློང་བྱས་པ་ལས། འཛམ་གླིང་ནང་དཀའ་ངལ་ཆེ་བའི་གནད་དོན་མང་པོར་འཛེམས་ཟོན་བྱས་ཡོད་པ་དང། དེ་ཡང་རྒྱ་གར་གྱི་སྲིད་འཛིན་པཱ་ཊིལ་མཆོག་དང་རྒྱ་ནག་མི་མང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཇཱ་ཆིན་ལིན་གཉིས་ཐུག་འཕྲད་སྐབས། ཇཱ་ཆིན་ལིན་གྱིས། “རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཁང་གི་འཐུས་མི་རྣམས་ཀྱིས། ཏཱ་ལའི་བླ་མས་ཆོས་ཀྱི་སྣེ་ཁྲིད་པ་ལས་ཆབ་སྲིད་ཀྱི་སྣེ་ཁྲིད་པ་ཞིག་ལ་ངོས་འཛིན་ཤུགས་ཆེ་བ་བྱེད་ཀྱི་ཡོད་”ཅེས་བརྗོད་ཡོད་པ་དང། རྒྱ་གར་གྱི་སྲིད་འཛིན་པཱ་ཊིལ་མཆོག་གིས། “རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་མཆོག་ཆོས་ཀྱི་དབུ་འཁྲིད་ལ་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་བརྗོད་ནས། ཕྱོགས་གཉིས་ཀྱི་༧གོང་ས་མཆོག་དང་འབྲེལ་ནས་གནད་དོན་ཅུང་ཟད་གླེང་སློང་བྱས་ཡོད་རུང། རྒྱ་གར་གྱི་སྲིད་འཛིན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝོན་ཇའོ་པོ་གསུམ་ཐུག་འཕྲད་སྐབས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་དོན་དང་བདེ་འཇགས། མཛའ་གྲོགས་རྒྱུན་གནས་ཐུབ་ཐབས་ཁོ་ན་གླེང་སློང་བྱས་པ་ལས། བོད་དོན་དང་༧གོང་ས་མཆོག་གི་དགོངས་གཞི་སོགས་ཀྱི་སྐོར་ལ་གྲོས་མོལ་དང་གླེང་སློང་གང་ཡང་བྱས་མེད་པ་དང། གནད་དོན་དེ་དག་ལ་འཛེམས་ཟོན་ཁོ་ན་བྱས་ཡོད་འདུག
གསར་འགྱུར་དབྱེ་ཞིབ་པ་ཚོས། བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱ་གར་ནང་ཡོད་པའི་བོད་མི་ཚོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཅུག་གི་མིན་ཟེར་བའི་བརྗོད་ཚིག་དེ། རྒྱ་གར་གཞུང་གི་དཔོན་རིགས་ཆེ་ཁག་རྒྱ་ནག་ལ་གཟིགས་སྐོར་ཆེད་འགྲོ་སྐབས། མགྲིན་དབྱངས་གཅིག་མཐུན་གྱིས་བརྗོད་སྲོལ་ཡོད་པས། ད་ཐེངས་ཡང་བརྗོད་ཡོད་ཚོད་འདུག་ཅེས་དང། ཡང་རྒྱ་ནག་ཏུ་ཨོ་རྩེད་འགྲན་ཚོགས་ཀྱི་དཔལ་འབར་རྒྱང་བསྐྱོད་རྒྱ་གར་དུ་འབྱོར་སྐབས། བོད་མི་ངོ་རྒོལ་བ་ཚོར་དམ་དྲག་ཤུགས་ཆེན་པོ་བྱས་ཡོད་པ་དེ་ནི། རྒྱ་གར་གཞུང་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་བོད་མི་རྣམས་རྒྱ་ཡན་དུ་མི་གཏོང་བའི་རྣམ་པ་གསལ་པོ་གཅིག་ཐོན་ཡོད་པས། ད་ཐེངས་རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོར་བརྗོད་ཡོད་ཀྱི་རེད་ཅེས་དབྱེ་ཞིབ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།