༢༠༡༠ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་བྱེད་རྒྱུ་ཡིན་པ།
ད་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་དང་ཐོག་སྙན་ཞུ་འབུལ་མཁན་བུ་མོ་བཅུ་གཅིག་བྱུང་ཡོད་པ་དང། འོན་ཀྱང་དངོས་སུ་འགྲན་སྡུར་ནང་ཞུགས་མཁན་བུ་མོ་བཞི་མ་གཏོགས་བྱུང་མེད་པ་རེད། གཞན་རྣམས་སོ་སོ་སྒེར་གྱི་ལས་དོན་སོགས་དང་གྲ་མ་འགྲིག་པར་དངོས་སུ་འཛུལ་ཞུགས་བྱེད་ཐུབ་མེད་པ་རེད། དེའི་སྐོར་བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་འགྲེལ་བརྗོད་བྱས་དོན། སྤྱིར་བཏང་འདིར་སྙན་ཞུ་འབྱོར་མཁན་ཁྱོན་བསྡོམས་བཅུ་གཅིག་བྱུང་བ་རེད། དེའི་ནང་ནས་བཞི་མ་གཏོགས་གཞན་རྣམས་སོ་སོའི་ལས་དོན་གྱི་ཆེད་དུ་དངོས་སུ་འཛུལ་བྱེད་ཐུབ་མེད་པ་རེད་ཅེས་དང་། ད་ལོའི་འགྲན་སྡུར་གྱི་མཛད་སྒོའི་སྐབས་སུ་སྔར་དང་འདྲ་བའི་གྲ་རྒྱས་པོ་བྱེད་རྩིས་མེད། གང་ཡིན་ཟེར་ན། ཕྱི་ཟླ་༤ པའི་ནང་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་རྐྱེན་ངན་བྱུང་ཡོད་དུས། འདིར་དགའ་དགའ་སྤྲོ་སྤྲོ་བྱེད་ཀྱི་འདུག་བསམ་མི་སྲིད་པ་གང་ཡང་མ་རེད། དེར་བརྟེན་སྔར་བཞིན་ཤོག་སྦག་སྤར་བ་སོགས་བྱེད་ཀྱི་མིན་ཞེས་འགྲེལ་བརྗོད་བྱས་བྱུང།
ད་ལོའི་མཛངས་མའི་འགྲན་སྡུར་ཁྲོད་དངོས་སུ་ཞུགས་མཁན་བུ་མོ་བཞི་ཡོད་པ་རྣམས་ནི། དང་པོ། བྷེང་ལོར་ནས་ཡིན་པ་རིན་ཆེན་ཆོས་སྒྲོན། ལོ་༢༥། སྐྲ་བཟོའི་ལག་ཤེས་སྦྱོང་བརྡར་བྱེད་བཞིན་པ་དང། གཉིས་པ། བྷེང་ལོར་ནས་ཡིན་པ་བསྟན་འཛིན་གནམ་ཆོས། ལོ་༢༢། སི་ཊི་ཇོ་སི་ཧྥིའི་མཐོ་སློབ་ཏུ་སྤྱི་ཚོགས་ཞབས་ཞུའི་སྐོར་སློབ་སྦྱོང་བྱེད་བཞིན་པ། གསུམ་པ། ཝ་ཎ་མཐོ་སློབ་ནས་ཡིན་པ་བསྟན་འཛིན་ནོར་འཛོམས། ལོ་༢༣། ཤཱསྟྲི་སློབ་མཐར་ཕྱིན་ཚར་ཙམ་ཡིན་པ། བཞི་པ། དྷ་ས་ནས་ཡིན་པ་དབྱངས་ཅན་མེ་ཏོག ལོ་༡༩། ད་ལྟ་སྐབས་དྷ་སར་སློབ་སྦྱོང་བྱེད་བཞིན་པ་བཅས་རེད།
བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ཞུགས་དགོས་པའི་རྒྱུ་མཚན་གང་ཡིན་བཅར་འདྲི་བྱས་པར། རིན་ཆེན་ཆོས་སྒྲོན་གྱིས་བརྗོད་དོན། ང་རང་ཆུང་དུས་ནས་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ཞུགས་འདོད་ཡོད་མཁན་ཞིག་ཡིན། དེ་རིང་དངོས་སུ་གོ་སྐབས་འདི་ཐོབ་པ་རེད། དེར་བརྟེན་ངས་གོ་སྐབས་འདི་དང་བསྟུན་ནས་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་བྱ་བ་གང་རུང་བསྒྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ཟེར།
བསྟན་འཛིན་གནམ་ཆོས་ཀྱིས་བརྗོད་དོན། དེང་རབས་ཀྱི་འགྲོ་ལུགས་དང་མཐུན་པའི་གོ་སྐབས་འདི་འདྲ་བསྐྲུན་པར་གལ་ཆེན་པོ་མཐོང་གི་འདུག ང་ལ་ཨང་དང་པོ་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང། གཞན་དང་མཉམ་དུ་སྐད་ཆ་བཤད་པ་སོགས་ཤེས་བྱ་ཡོན་ཏན་ལེན་ཐུབ་པ་ཡིན་ན་སློབ་སྦྱོང་ལ་ཕན་ཐོགས་ཡོད་པ་ཞིག་རེད་བསམ་གྱི་འདུག ངས་སྔར་ནས་སྡིངས་ཆ་འདི་ཡག་པོ་ཡིན་པ་མཐོང་གི་ཡོད་པས། མ་འོངས་པར་ངས་བོད་པའི་སྤྱི་ཚོགས་ཞབས་ཞུའི་ལས་ཀ་ཡག་པོ་བསྒྲུབ་ཐུབ་ཀྱི་རེད་བསམ་གྱི་འདུག་ཟེར།
བསྟན་འཛིན་ནོར་འཛོམས་ཀྱིས་བརྗོད་དོན། གཅིག་ནས་ད་ལྟའི་ཆར་འགྲན་སྡུར་ནང་འཛུལ་ཞུགས་བྱེད་མཁན་ཉུང་ཉུང་མ་གཏོགས་མེད་པས་དེ་ཚོ་ལ་སེམས་ཤུགས་སྐྱེ་བའི་ཆེད་དང། གཉིས་ནས་གལ་སྲིད་ང་ཐོབ་པ་ཡིན་ན། ཕྱི་ལོགས་རྒྱལ་ཁབ་བོད་ཀྱི་སྐོར་མི་ཤེས་མཁན་དེ་དག་ལ་བོད་ཀྱི་གནས་སྟངས་ཛ་དྲག་ཡིན་པའི་སྐོར་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཟེར།
དབྱངས་ཅན་མེ་ཏོག་གིས་བརྗོད་དོན། འདི་ནི་བོད་པའི་བུ་མོ་ཚོའི་གོ་སྐབས་ཤིག་རེད། སོ་སོའི་གཟུགས་པོ་དང་གདོང་པ་ཡག་པོ་ཡོད་པ་ཙམ་མིན་པར། བོད་པའི་བུ་མོ་ཚོར་བློ་ཁོག་བསྐྲུན་ཆེད་དུ་ཡིན་ཞེས་བརྗོད་བྱུང།
ད་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ནི། རྒྱ་གར་གྱི་ཀིང་ཧྥིའི་ཤིར་ཞེས་པའི་བཟོ་གྲྭ་དང་མཉམ་འབྲེལ་བྱས་ནས་སྦྱིན་བདག་བྱས་པ་ཞིག་ཡིན་པ་མ་ཟད། སྒྲ་སྒམ་སོགས་རོལ་དབྱངས་ཀྱི་མ་ལག་སྔར་དང་མི་འདྲ་བར་ཅན་དྷི་གྷར་ནས་འཁྱེར་ཡོང་གི་ཡོད་པ་རེད།
ཕྱི་ཟླ་༦ ཚེས་༤ ཉིན་རྐྱལ་གོས་གོན་ནས་གཟུགས་པོའི་བྱད་དབྱིབས་འགྲན་བསྡུར་དང། ཚེས་༥ ཉིན་གཏན་བཤད་དང་སྒྱུ་རྩལ་འགྲན་བསྡུར། ཚེས་༦ ཉིན་དབུ་རྒྱན་འབུལ་བའི་མཐའ་མའི་མཛད་སྒོ་དེ་དྷ་ས་བོད་གཞུང་ཟློས་གར་ཁང་དུ་འཚོག་རྒྱུ་ཡིན་པ་རེད།།
{jcomments on}