བཀའ་བློན་ཁྲི་པས་བོད་གཞུང་གི་སྲིད་བྱུས་ངོ་སྤྲོད་གནང་བ།
ཟླ་འདིའི་ཚེས་༣ ཉིན་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ། བཙན་བྱོལ་བོད་གཞུང་གིས་འཛིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་དང། དྲི་བ་རྣམས་ལ་དྲིས་ལན་ཞིབ་ཕྲ་གནང་ཡོད་པ་རེད།
དེ་ཡང་དང་པོ་དབུ་མའི་ལམ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་སྐོར་གསུང་དོན། དབུ་མའི་ལམ་ཞེས་པ་དེ་ལམ་གྱི་དཀྱིལ་དང་ལམ་གྱི་གཞུང་ཞེས་པའི་མིང་ཞིག་རེད། སྤྱིར་མིང་ཚིག་འདི་སངས་རྒྱས་པའི་ཆོས་ཀྱི་ནང་ནས་ཐོག་མར་བྱུང་བ་ཞིག་རེད་མ་གཏོགས། རྒྱ་གར་དུ་སངས་རྒྱས་འཇིག་རྟེན་ལ་མ་བྱོན་སྔོན་དུ་དབུ་མའི་ལམ་ཞེས་པའི་ཚིག་དེ་ཕལ་ཆེར་བེད་སྤྱོད་བཏང་མཁན་བྱུང་ཡོད་མ་རེད། དབུ་མ་ཞེས་པ་དང་ལམ་ཞེས་པའི་ཚིག་དེ་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པ་སངས་རྒྱས་པའི་རྗེས་སུ་ཝཱ་ར་ཎ་སིར་འཁོར་ལྔ་སྡེ་བཟང་པོ་ལ་ཆོས་ཀྱི་འཁོར་ལོ་རིམ་པ་དང་པོ་བསྐོར་བའི་སྐབས་ལ་ཚིག་དེ་ཐོག་མར་བེད་སྤྱོད་གནང་ཡོད་རེད། ཐོག་མར་ཚིག་དེ་སྤྱོད་པ་ལ་སྦྱར་ནས་གསུངས་པ་མ་གཏོགས་ལྟ་བ་ལ་སྦྱར་ནས་གསུངས་ཡོད་མ་རེད། འཁོར་ལོ་དང་པོའི་ནང་དུ་དབུ་མའི་ལམ་ཞེས་པའི་ཚིག་བེད་སྤྱོད་གནང་བའི་སྐབས་སུ་འདོད་པ་བསོད་སྙོམས་ཀྱི་མཐའ་དང། ངལ་ཞིང་དུབ་པའི་མཐའ་གཉིས་སྤང་བའི་དབུ་མའི་ལམ་གྱི་འདུ་བྱེད་པ་ལ་གནས་པར་བྱའོ་ཞེས་འདོད་པ་བསོད་སྙོམས་ཀྱི་མཐའ་སྟེ་བག་མེད་ལོངས་སྤྱོད་བྱེད་པ་ལ་ཟེར་བ་དང། ངལ་ཞིང་དུབ་པའི་མཐའ་ཟེར་དུས་ཁ་ལག་མ་ཟས་པ་དང་ཆུ་ཡང་མ་བཏུང་བར་དཀའ་སྡུག་ཞེ་དྲག་བསྟེན་པ་དེ་ལ་ཟེར་བ་རེད། དེ་གཉིས་སྤངས་ནས་དགོས་མཁོ་དང་འཚམས་པའི་ལོངས་སྤྱོད་བྱས་པ་ཞིག་ལ་དབུ་མའི་ལམ་གྱི་འདུ་བྱེད་ཅེས་ལབ་ཀྱི་ཡོད་རེད། དེའི་སྐབས་ཀྱི་མཐའ་གཉིས་དེ་བག་མེད་ལོངས་སྤྱོད་ཀྱི་མཐའ་དང། ངལ་ཞིང་དུབ་པའི་དཀའ་སྡུག་དེ་གཉིས་ལ་གསུངས་པ་རེད། ཆོས་འཁོར་གཉིས་པའི་སྐབས་སུ་དབུ་མའི་ལམ་དེ་ལྟ་བ་དང་སྦྱར་ནས་གསུངས་པ་ཡིན་སྟབས། དེའི་སྐབས་ཀྱི་མཐའ་དེ་རྟག་པའི་མཐའ་དང་ཆད་པའི་མཐའ་གཉིས་རེད། སྤྱིར་དབུ་མའི་ལམ་ཞེས་པའི་མིང་ཚིག་དེ་ཆོས་ནས་བྱུང་བའི་མིང་ཚིག་ཅིག་རེད་ཅེས་གསུངས་སོང།
མུ་མཐུད་ད་ལྟའི་དབུ་མའི་ལམ་གྱི་ཆབ་སྲིད་ཀྱི་སྲིད་བྱུས་ཀྱི་ངོ་བོ་ཇི་ཡིན་སྐོར་གསུང་དོན། ད་སྐབས་༸སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་སྲིད་བྱུས་ཀྱི་མིང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་ལབ་ཀྱི་ཡོད་རེད། དེའི་ངོ་བོ་དེ་བོད་མི་ས་ཡ་དྲུག་གི་གནས་བབ་ད་ལྟ་རྒྱ་ནག་དབང་འཛིན་པ་ཚོས་དབང་བསྒྱུར་བྱས་པ་ནང་བཞིན་སྡོད་པ་དེ་མཐའ་གཅིག་རེད། ཡང་བོད་རྒྱ་ནག་ནས་ཁ་བྲལ་བྱས་ནས་རང་བཙན་བསྐྱར་གསོ་བྱེད་པ་དེ་མཐའ་གཞན་པ་དེ་རེད། མཐའ་དེ་གཉིས་སྤངས་ནས་ད་ལྟའི་གནས་བབས་ནང་བཞིན་མ་ཡིན་པ། བོད་རིགས་ཡོངས་ལ་རང་སྐྱོང་གི་གནས་བབས་ཆ་ཚང་ཡོད་པ། རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཡོད་པ། ཡང་རང་བཙན་བསྐྱར་གསོ་བྱས་ནས་རྒྱ་ནག་ནས་ཁ་བྲལ་འགྲོ་བའི་མཐའ་དེ་ཡང་མ་ཡིན་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ལ་སྡོད་རྒྱུ། དེ་འདྲའི་སྲིད་བྱུས་དེ་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ལ་འདོར་དུ་མི་རུང་བའི་ཆ་ཤས་གཉིས་ཡོད་རེད། དང་པོ་དེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་ལས་འགུལ་ག་འདྲ་ཞིག་ཡིན་ཡང་ཕྱོགས་ཐམས་ཅད་ནས་སྒོ་ཐམས་ཅད་དུ་འཚེ་མེད་ཞི་བའི་ལམ་འབའ་ཞིག་མ་གཏོགས་འཚེ་བ་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་མི་བྱེད་པ་དེ་རེད། གཉིས་པ་དེ་བོད་དོན་འགྲིག་འཇགས་བྱུང་བའི་སྐབས་སུ་འཛིན་སྐྱོང་གཅིག་དང་སྒྲིག་འཛུགས་གཅིག་གི་ངོ་བོར་བསྒྱུར་རྒྱུ་དེ་དབུ་མའི་ལམ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་གལ་ཆེན་གཉིས་དེ་རེད་ཅེས་གསུངས་སོང།
མུ་མཐུད་ནས་བོད་ཀྱི་རྒྱལ་པོ་ཁྲི་རལ་པ་ཅན་བཀྲོངས་པ་ནས་བཟུང་བོད་རྒྱལ་ཁབ་སིལ་བུར་འཐོར་བ་དང། རྒྱ་ནག་གིས་བཙན་འཛུལ་མ་བྱས་པའི་སྔོན་དུ་བོད་པ་ནང་ཁུལ་མ་འཆམ་པའི་དབང་གིས་བོད་རྒྱལ་ལ་ཉམས་ཆག་བྱུང་སྟངས་ཀྱི་སྐོར་སོགས་དང། དེ་བཞིན་བཙན་བྱོལ་དུ་འབྱོར་རྗེས་དབུ་མའི་ལམ་གྱི་སྲིད་བྱུས་དེ་མང་མོས་ཀྱིས་ཐག་གཅོད་ཀྱི་ལམ་ནས་གཏན་འབེབས་བྱས་སྐོར་དང། ད་སྐབས་མུ་མཐུད་སྲིད་བྱུས་དེ་འཛིན་བཞིན་པའི་སྐོར་དང། ལྷག་པར་དུ་སི་ཊ་སི་སྦག་གི་གསུང་བཤད་དང། དབུ་མའི་ལམ་གྱི་སྲིད་བྱུས་གཉིས་གཅིག་པ་མ་ཡིན་པར། དབུ་མའི་ལམ་གྱི་སྲིད་བྱུས་ཡག་པོ་ཤེས་དགོས་ན་རྒྱ་ནག་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ངེས་པར་ཀློག་དགོས་པའི་སྐོར་སོགས་ངོ་སྤྲོད་ཞིབ་ཕྲ་གནང་རྗེས་དྲི་བ་དྲི་ལན་གྱི་དུས་ཚོད་ཆུ་ཚོད་གཅིག་རིང་གནང་སོང།
དེ་ཡང་དྲི་བ་ཞིག་གི་ལན་གནང་བའི་སྐབས་སུ་གསུང་དོན། ད་ལྟའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུ་ཆབ་སྲིད་ཀྱི་བསམ་བློ་གསལ་པོ་ཚད་ལྡན་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཆབ་སྲིད་ལངས་ཕྱོགས་འདྲ་མིན་ཡོང་ཆོག་གི་རེད། དེ་དག་སོ་སོའི་གནས་བབས་གསལ་པོ་མ་ཟིན་པར་མི་མང་ནང་དུ་མགོ་རྨོངས་པའི་གནས་ཚུལ་དེ་འདྲ་མང་པོ་ཡོང་བསྡད་པ་དེ་ཡག་པོ་མ་རེད་བསམ་གྱི་ཡོད། བདེན་པ་བདེན་ཐོབ་ཀྱིས་ལངས་ཕྱོགས་གསལ་པོ་བཟུང་ནས་ཁྱོན་ཡོངས་ནས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་མ་བརླགས་པ་དགོས་རྒྱུ་གལ་ཆེན་པོ་རེད། འཛམ་གླིང་ནང་དུ་མང་གཙོའི་རྒྱལ་ཁབ་གང་ལ་བལྟས་ཀྱང་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་རེད། ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད་རེད། འོན་ཀྱང་རྒྱལ་ཁབ་ཀྱི་ཛ་དྲག་དང་གལ་གནད་ཆེ་བའི་གནས་ཚུལ་ཞིག་ལ་ཐུག་དུས་ཆིག་སྒྲིལ་གྱི་ནུས་པ་དེ་བརླག་གི་མ་རེད། ཆིག་སྒྲིལ་གྱི་ནུས་པ་མ་བརླག་པའི་རྒྱུ་མཚན་གྱིས་སོ་སོའི་ལངས་ཕྱོགས་ཤོར་གྱི་རེད་དམ་ཟེར་ན་དེ་ཡང་ཤོར་གྱི་མ་རེད། སོ་སོའི་ལངས་ཕྱོགས་ཡོད་བཞིན་དུ་ཆིག་སྒྲིལ་གྱི་ནུས་པ་མ་བརླགས་པ་བྱེད་པའི་ཐབས་ལམ་ཞིག་ཡོད་རེད། དེ་ང་ཚོ་བོད་པའི་ནང་ལ་ཏོག་ཙམ་གསལ་པོ་མེད་པ་འདྲ་ཞིག་མཐོང་གི་འདུག་ཅེས་གསུངས་སོང།
ཡང་དྲི་བ་གཞན་ཞིག་གི་ལན་གནང་བའི་སྐབས་སུ་གསུང་དོན། ཆོལ་ཁ་གསུམ་ཞེས་པ་ས་ཁྱོན་གྱི་སྐད་ཆ་ཞིག་དང་བོད་རིགས་ཡོངས་རྫོགས་ཟེར་བ་དེ་མི་རིགས་ཀྱི་སྐད་ཆ་ཞིག་རེད་དེ་གཉིས་ལ་ཁྱབ་ཆེ་ཆུང་བརྩི་རྒྱུ་ཡོད་མ་རེད་ཅེས་དང། བར་ལམ་བཀའ་མོལ་མང་པོ་བྱུང་བའི་སྐབས་སུ་ཆོལ་ཁ་གསུམ་བློས་བཏང་བ་རེད་ཅེས་དང། བོད་རིགས་ཞེས་ལབ་དུས་བོད་རིགས་མ་ཡིན་པའི་བོད་པ་ནང་བཞིན་བྱས་ནས་སྡོད་འདོད་ཡོད་མཁན་དེ་ཚོ་བློས་བཏང་བ་རེད་ཟེར་བ་ལྟ་བུའི་བཀའ་མོལ་མང་པོ་ཡོད་རེད། དེ་དག་ལ་དབུ་འཁོར་དགོས་པ་གང་ཡང་ཡོད་མ་རེད། བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་བ་ཞིག་ཆགས་པ་ཡིན་ན་ཆོལ་ཁ་གསུམ་ཟུར་དུ་ལྷག་འགྲོ་རྒྱུ་ཞིག་ཅི་ཡང་ཡོད་མ་རེད། དེ་བཞིན་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཆ་ཚང་ཞིག་རག་པ་ཡིན་ན་བོད་རིགས་མཉམ་དུ་ཡོད་པའི་མི་རིགས་གཞན་པ་ཚོར་དམིགས་བསལ་གྱིས་གྱོང་རག་འགྲོ་རྒྱུ་ཞིག་གང་ཡང་ཡོད་མ་རེད། ཆོལ་ཁ་གསུམ་མ་ལབ་པ་དེ་ཞེ་དྲག་ཉེན་ཁ་ཆེན་པོ་ཡིན་པ་དང། བོད་རིགས་ཡོངས་རྫོགས་ལབ་པ་དེས་མི་མང་པོ་ཞེ་དྲག་ཅིག་ལ་བློ་ཕམ་འགྲོ་ཡི་ཡོད་པའི་བཀའ་མོལ་དེ་ཚོ་སྒྲོ་བཏགས་ཀྱི་བཀའ་མོལ་རེད། དེ་དངོས་དོན་རྒྱུ་མཚན་དང་མཐུན་པ་གང་ཡང་ཡོད་མ་རེད་ཅེས་ལབ་བཞག་ན་འགྲིག་གི་རེད་ཅེས་གསུངས་སོང།
ཡང་དྲི་བ་གཞན་ཞིག་གི་ལན་གནང་སྐབས་གསུང་དོན། ངས་གསར་འགོད་གསལ་བསྒྲགས་ཁ་ཤས་ནང་དུ་ལབ་མྱོང། བོད་ཟེར་བ་དེ་ལ་ཆུང་ཆུང་དང་ཆེན་པོ་ཞེས་པ་གང་ཡང་ཡོད་མ་རེད། གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་གི་ནང་བོད་རིགས་ཟེར་བ་གཅིག་རང་རེད། མི་རིགས་ས་གནས་རང་སྐྱོང་གི་གནས་བབས་རྩ་ཁྲིམས་ནང་ལ་གང་ཡོད་པ་དེ་དགོས་ཀྱི་ཡོད་རེད་མ་གཏོགས་དེ་ལ་ཚད་མཐོན་པོ་དང་ཚད་དམའ་པོའི་སྐད་ཆ་ཁྱོན་ནས་ང་ཚོས་བཤད་ཡོད་མ་རེད། ང་རང་ཚོས་བོད་པས་ཚིག་ག་རེ་བེད་སྤྱོད་བཏང་འདུག རྒྱ་མིས་ཚིག་ག་རེ་བེད་སྤྱོད་བཏང་འདུག་བོད་མི་ཚོས་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་པའི་རྗེས་སུ་རྒྱ་ནག་ཁོ་རང་ཚོས་སོ་སོར་སྲུང་སྐྱོབ་བྱེད་པའི་གནས་སྐབས་ཤིག་ལ་སླེབས་ཡོད་རེད། ང་ཚོ་ལ་ཚུར་རྒོལ་འཆོང་བྱེད་པའི་ཚབ་ཏུ་སོ་སོའི་གནས་བབས་སྲུང་སྐྱོབ་བྱས་ནས་འགྲེལ་བཤད་རྒྱག་པའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་རེད། ང་ཚོའི་བསམ་འཆར་ལ་ལོག་བཤད་དང་འཁྱོག་བརྗོད་བྱེད་ཀྱི་ཡོད་རེད། དེང་སང་རྒྱ་ནག་གི་རྩ་ཁྲིམས་དེ་ཡང་འགྱུར་བ་གཏོང་དགོས་པའི་བསམ་འཆར་འདོན་གྱི་ཡོད་རེད། རྩ་ཁྲིམས་ཀྱི་ནང་དུ་མི་རིགས་ས་གནས་རང་སྐྱོང་གི་སྐོར་དེ་ཚོ་འགྲིག་མི་འདུག་ཅེས་རྒྱ་ནག་གི་གལ་ཆེའི་རྩོམ་པ་པོ་ཚོས་འབྲི་བའི་འགོ་བཙུགས་ཡོད་རེད། མདོར་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་འགོ་ཁྲིད་ཚོ་ལ་བོད་ཀྱི་དཀའ་རྙོག་སེལ་བའི་ལྷག་བསམ་དང་ཆོད་སེམས་ཡོད་མ་རེད། དེ་མེད་དུས་ཁག་འཇོག་ས་ཞིག་འཚོལ་དགོས་ཀྱི་ཡོད་རེད། ཁག་འཇོག་ས་མ་རག་དུས་ཚིག་དེ་འདྲ་ཨུ་ཚུགས་ཀྱིས་བེད་སྤྱོད་བཏང་ནས་ཕྱེད་རང་བཙན་དང། མངོན་པར་མི་གསལ་བའི་རང་བཙན་རེད་ཅེས་ཤོད་ཀྱི་ཡོད་པ་རེད་ཅེས་གསུངས་སོང།
ཡང་དྲི་བ་གཞན་ཞིག་གི་ལན་གནང་སྐབས་གསུང་དོན། གྲོས་མཐུན་དོན་ཚན་བཅུ་བདུན་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གཉིས་ལ་ཚད་གཞི་བསྡུར་བ་ཡིན་ན་གྲོས་མཐུན་དོན་ཚན་བཅུ་བདུན་དེ་ཚད་གཞི་ཞེ་དྲག་མཐོ་ཡོད་རེད། ད་ལྟའི་བསམ་འཆར་ཡིག་ཆའི་ནང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཆ་ཤས་ཙམ་ཡང་མཉམ་ཐུབ་རྒྱུ་ཡོད་མ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་དུ་༸རྒྱལ་བ་ཡབ་སྲས་ཀྱི་སྐུ་དབང་ལ་འགྱུར་བ་མི་གཏོང་བ་དང། བོད་གཞུང་གི་སྲིད་བྱུས་ལ་འགྱུར་བ་མི་གཏོང་བ་ཡན་ཆད་འཁོད་ཡོད་རེད། ཧོབ་སྟེ་བལྟས་ན་གྲོས་མཐུན་དོན་ཚན་བཅུ་བདུན་ལག་ལེན་དུ་བསྟར་བ་ཡིན་ན་མི་འགྲིག་པ་མེད་པའི་བཟོ་འདྲ་ཞིག་ཡོད་རེད། འོན་ཀྱང་ང་ཚོས་ངོས་ལེན་མི་བྱེད་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། རྒྱ་ནག་གི་ངོས་ནས་བསམ་བཞིན་དུ་གྲོས་མཐུན་དོན་ཚན་བཅུ་བདུན་དེ་དག་བརྡལ་བཤིག་བཏང་བའི་རྐྱེན་གྱིས་ང་ཚོས་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་དགོས་བྱུང་བ་རེད། ང་ཚོའི་ངོས་ནས་ལོ་དགུའི་རིང་ལ་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་ཐུབ་ཐབས་ལ་འབད་བརྩོན་གནང་བ་རེད། འོན་ཀྱང་རྒྱ་ནག་གིས་ལྔ་བཅུ་ང་དགུ་ལོར་བརྡལ་བཤིག་བཏང་བའི་རྐྱེན་གྱིས་ངོས་ལེན་མ་བྱས་པ་རེད། དེ་ལྟར་མ་བྱས་ན་གོམ་པ་གསར་པ་ཞིག་རྒྱག་ཐུབ་ཀྱི་ཡོད་མ་རེད། དེར་བརྟེན་ཕྱི་ལོ་༡༩༥༩ ཟླ་༤ ཚེས་༡༧ ཉིན་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་བ་དེའི་ནང་དུ་རྒྱུ་མཚན་གཉིས་ཡོད་རེད། གཅིག་དེ་བཙན་དབང་འོག་ཏུ་བཞག་པ་ཡིན་སྟབས་རྒྱལ་སྤྱིའི་ཁྲིམས་ཀྱི་ངོས་ནས་ནུས་པ་མེད་པ་དང། གཉིས་པ་དེ་གྲོས་མཐུན་འཇོག་མཁན་གྱི་ཁ་གཏད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དོན་ཚན་ཚང་མ་བརྡལ་བཤིག་བཏང་བ་ཡིན་སྟབས་ང་ཚོས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག་ཅེས་བཤད་པ་རེད། རྒྱུ་མཚན་དེ་གཉིས་ངེས་པར་དུ་ཚང་མས་མཁྱེན་དགོས་པ་ཞིག་རེད། ང་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་དེ་གནས་ཚད་དམའ་དྲགས་པ་དང། ད་ལྟའི་མངོན་འདོད་དེའི་གནས་ཚད་དེ་ལས་མཐོ་བ་ཡོད་པའི་རྒྱུ་མཚན་ང་ཚོས་ནམ་ཡང་ལབ་ཀྱི་ཡོད་མ་རེད། ད་ལྟའི་བསམ་འཆར་ཡིག་ཆའི་ནང་དུ་དོན་ཚན་བཅུ་བདུན་ལས་ལྷག་པ་གཅིག་རང་ཡོད་རེད། དེ་ག་རེ་རེད་ཟེར་ན་བོད་རིགས་ཡོངས་རྫོགས་ཞེས་པ་དེ་རེད། དོན་ཚན་བཅུ་བདུན་གྱི་ནང་དུ་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་སྐད་ཆ་མ་གཏོགས་ཡོད་མ་རེད་ཅེས་སོགས་དྲིས་ལན་རེ་རེ་བཞིན་ཞིབ་ཕྲ་གནང་སོང།།