ཧོན་སུར་མི་མང་གིས་བསྔོ་སྨོན།
ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག རྒྱུད་སྨད་གྲྭ་ཚང་གི་ཚོགས་ཁང་ཞིག་ཏུ་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྣམས་པ་དབུ་བཞུགས་ཐོག ཉུང་མཐར་ཡང་མི་ཚང་རེའི་མི་རེ་འདུ་འཛོམས་ཀྱིས། ས་གནས་དེའི་མི་མང་དང་ཚོགས་པ་ཁག་གིས་སྐྱེ་རྒུའི་ས་ཡོམ་སྐབས་རྐྱེན་འདས་སུ་སོང་པ་རྣམས་ལ་སྐྱེ་གནས་སུ་བཞེངས་བའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཐང་རིན་པོ་ཆེའི་མདུན་དུ་ཞག་ཞེ་དགུའི་བདུན་ཚིགས་ཐ་མའི་བསྔོ་སྨོན་དང་། མཆོད་འབུལ་བྱས་སོང།
ས་གཞོན་ཚོགས་གཙོ་བསོད་ནམས་ལགས་ཀྱིས་“ང་ཚོས་སྐྱེ་རྒུ་རུ་ས་ཡོམ་གོད་ཆག་བྱུང་བའི་གནས་ཚུལ་ཐོས་པའི་ཉིན་ནས་སེམས་ཁུར་ཆེན་པོ་བྱས། གྲོས་སྡུར་མང་པོ་བྱས་རྗེས་དགུང་ཞག་ཞེ་དགུའི་བསྔོ་སྨོན་འཚོག་རྒྱུ་བྱས་པ་ཡིན། ས་གནས་གཞོན་ནུ་དང་བུད་མེད་ཀྱིས་འགན་ཁུར་བླངས་པ་དང་། དེ་བཞིན་ཚོགས་པ་གཞན་དང་མི་མང་ཚང་མས་སེམས་ཚོར་ཆེན་པོའི་སྒོ་ནས་ཞལ་འདེབས་དང་མཉམ་ཞུགས་རྒྱ་ཆེན་པོ་བྱུང་སོང། བདུན་ཚིགས་རེ་རེ་བཞིན་མ་ཆད་པར་བསྔོ་སྨོན་གང་རྒྱས་རྒྱས་བྱས་པ་ཡིན།” ཞེས་འགྲེལ་བརྗོད་བྱས་སོང་། དེ་བཞིན་རྒྱུད་སྨད་གྲྭ་ཚང་དང་རྫོང་དཀར་ཆོས་སྡེ་སོགས་ཀྱི་དགེ་འདུན་པ་རྣམས་ཀྱིས་ཀྱང་བདུན་ཚིགས་བསྔོ་སྨོན་མ་ཆད་པར་སོ་སོའི་གྲྭ་ཚང་དུ་འཚོགས་ཡོད་པ་རེད་འདུག དེ་མིན་ཉིན་དེར་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་མི་མང་དང་དགོན་སྡེ་ཁག ཀོ་ལེ་གྷལ་དོན་ལྡན་གླིང་གི་མི་མང་དང་དགོན་སྡེ་ཁག་བཅས་ཀྱིས་ཀྱང་དགུང་ཞག་ཞེ་དགུའི་བདུན་ཚིགས་ཐ་མར་བསྔོ་སྨོན་དང་ཚོགས་མཆོད་རྒྱ་ཆེ་བྱས་ཡོད་པ་རེད།། མེ་སོར་གསར་འགོད་པས་ཧུན་སོར་རབ་རྒྱས་གླིང་ནས།