༢༠༡༠ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས།
མཛངས་མ་བསྟན་འཛིན་ནོར་འཛོམས་ལ་རྒྱལ་ཁ་ཐོབ་རྗེས། ཁོང་གིས། “བོད་ཀྱི་བུད་མེད་ཚོས་འདི་འདྲའི་གོ་སྐབས་བླངས་པ་ལ། ཚང་མས་འཕྱ་སྨོད་མ་བྱེད་རོགས། བོད་པའི་བུད་མེད་ཚོ་ཡར་ལངས་སྐབས་ཚང་མས་རྒྱབ་སྐྱོར་བྱས་ན། ང་ཚོའི་སྤྱི་ཚོགས་དེ་རིམ་བཞིན་ཡར་རྒྱས་འགྲོ་ཡི་རེད། གཅིག་ཡར་ལངས་དུས་འཕྱ་སྨོད་བྱས་བསྡད་ན། ང་ཚོའི་སྤྱི་ཚོགས་དེ་ག་དུས་ཡིན་ཡང་འོག་ཏུ་ལྷག་འདུག་གི་རེད། མཛངས་མའི་འགྲན་སྡུར་ལྟ་བུ་ཞིག་ཡིན་ནའང། འཛུལ་ཞུགས་བྱེད་མཁན་ལོ་རེ་ནས་ཉུང་དུ་འགྲོ་ཡི་རེད། ཚང་མས་རྒྱབ་སྐྱོར་བྱེད་རོགས་”ཞེས་བརྗོད་སོང། གསར་འགོད་པས། མ་འོངས་པར་དམིགས་ཡུལ་ག་རེ་ཡོད་མེད་དང། བོད་དོན་ཐོག་དམིགས་བསལ་ལས་དོན་བྱ་རྒྱུ་ཡིན་མིན་སྐོར་དྲིས་པར། ཁོང་གིས། “སྤྱིར་བཏང་བོད་དོན་ཐོག་ལ་དཔལ་འབྱོར་གྱིས་རོགས་སྐྱོར་དེ་འདྲ་ད་ལྟ་གང་ཡང་བྱེད་ཐུབ་ས་མ་རེད། ང་རང་གིས་ད་དུང་སློབ་སྦྱོང་གཙོ་འདོན་བྱེད་ཀྱི་ཡིན། སྡིངས་ཆ་ཆེན་པོ་དེ་འདྲ་ལ་སླེབས་རྒྱུའི་གོ་སྐབས་ཡོད་པས། བོད་དོན་ཁྱབ་བསྒྲགས་ཡོང་ཐབས་སོགས་ལ་འབད་བརྩོན་བྱེད་ཀྱི་ཡིན། སྤྱིར་བཏང་ང་རང་གི་དམིགས་ཡུལ་གཙོ་བོ་ད་དུང་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་དང། མ་འོངས་པར་མི་མང་སྐྱོ་པོ་ལ་རོགས་སྐྱོར་བྱེད་ཐུབ་ན་བསམ་པའི་དམིགས་ཡུལ་ཡོད་”ཅེས་བརྗོད་སོང།
མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས། “མཛངས་མའི་འགྲན་སྡུར་བྱས་ནས། ཐེངས་དགུ་པ་དེ་ཆགས་ཡོད་པས། རྗེས་མ་ལོ་བཅུ་འཁོར་བའི་སྐབས་དམིགས་བསལ་གྱིས་གྲ་རྒྱས་པོ་ཡོང་ཐབས་བྱེད་ཀྱི་ཡིན། སྤྱིར་བཏང་སྤྱི་ཚོགས་ཀྱི་ཆ་ནས་མཛངས་མའི་འགྲན་སྡུར་ནང་ཞུགས་མཁན་ཉུང་ཉུང་རེད་མོད། རྒྱུན་མ་ཆད་པར་ལོ་རྟག་པར་གོ་སྒྲིག་བྱེད་ཀྱི་ཡོད་པས་མ་འོངས་པར་ཡར་རྒྱས་ཡོང་གི་རེད་བསམ་གྱི་ཡོད་”ཅེས་བརྗོད་སོང།
ཟླ་འདིའི་ཚེས་༤ ཉིན་མཛངས་མའི་འགྲན་སྡུར་ནང་ཞུགས་མཁན་ཚོ་ནོར་གླིང་ཉེ་འགྲམ་གྱི་ཆུ་རྐྱལ་ར་བར་རྐྱལ་གོས་གོན་ནས་གཟུགས་བྱད་འགྲན་སྡུར་བྱས་ཡོད་པ་དང། ཚེས་༥ དགོང་མོ་བོད་གཞུང་ཟློས་གར་ཚོགས་ཁང་དུ་སོ་སོས་བརྗོད་གཞི་རེ་རེའི་ཐོག་གཏམ་བཤད་བྱས་ཏེ། ཤེས་ཡོན་གྱི་ཆུ་ཚད་འགྲན་སྡུར་དང། གཞས་དང་ཞབས་བྲོ་འཁྲབ་སྟེ་སྒྱུ་རྩལ་གྱི་རིགས་འགྲན་སྡུར་བྱས་ཡོད་པ་རེད།
ཚེས་༦ གི་དགོང་མོ་དེང་དུས་གྱི་གྱོན་གོས་དང། བོད་པའི་གྱོན་ཆས་རེས་མོས་ཀྱིས་གྱོན་ནས་གཟུགས་བྱད་དང། གོམ་འགྲོས་འགྲན་སྡུར་དང། གཟུ་དཔང་པས་དྲི་བ་དྲིས་པའི་རིགས་ལ་རེ་རེ་བཞིན་ལན་འདེབས་བྱས་རྗེས། ༢༠༡༠ ལོའི་མཛངས་མའི་དབུ་རྒྱན་དེ་ཝ་ན་མཐོ་སློབ་ནས་ཡོང་བའི་བསྟན་འཛིན་ནོར་འཛོམས་ལ་ཐོབ་པ་ཁྱབ་བསྒྲགས་བྱས་ཏེ། ༢༠༠༩ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ཀྱིས་༢༠༡༠ ལོའི་མཛངས་མ་བསྟན་འཛིན་ནོར་འཛོམས་ལ་དབུ་རྒྱན་གཡོགས་ཡོད་པ་རེད།
འགྲན་སྡུར་ཁྲོད་རྒྱལ་ཐོབ་མཁན་ལ་མཛངས་མའི་དབུ་རྒྱན་གཡོགས་པ་དང། ཧིན་སྒོར་འབུམ་གཅིག་གི་བྱ་དགའ་སྤྲད་ཡོད་པ་དང། ཨང་གཉིས་པ་དྷ་ས་ནས་ཡིན་པའི་དབྱངས་ཅན་མེ་ཏོག་ལ་ཧིན་སྒོར་ཁྲི་ལྔ། ཨང་གསུམ་པ་བྷེང་ལོར་ནས་ཡིན་པའི་རིན་ཆེན་ཆོས་སྒྲོན། ལ་ཧིན་སྒོར་ཁྲི་གཉིས་དང་ལྔ་སྟོང་ཡོད་པ་རེད། སྤྱིར་བཏང་ཨང་གསུམ་པའི་འོག་ཏུ་དངུལ་རྐྱང་གི་བྱ་དགའ་མེད་ནའང། བུད་མེད་བཞི་ལས་འཛུལ་ཞུགས་བྱེད་མཁན་མེད་སྐབས་མཐའ་མ་ལ་ཡང་གསོལ་རས་སྤྲོད་ཀྱི་ཡོད་པ་ལྟར། བྷེང་ལོར་ནས་ཡིན་པ་བསྟན་འཛིན་གནམ་ཆོས་ལ་ཧིན་སྒོར་ཁྲི་གཅིག་སྤྲད་ཡོད་པ་རེད།
ཉེ་བའི་ཆར་བོད་ནང་གི་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་བ་རྣམས་ཀྱི་ཆེད། མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་དགོང་མོའི་མཛད་སྒོ་འགོ་ཚུགས་པ་དང། མི་མང་གིས་མ་ཎི་འུར་འདོན་དགོས་སྐོར་བརྗོད་པ་ལྟར། མི་མང་གིས་མ་ཎི་འུར་འདོན་བྱས་པ་དང། མཛད་སྒོ་འགོ་འཛུགས་བྱས་སོང། མཇུག་ཏུ་མཛངས་མའི་འགྲན་སྡུར་གོ་སྒྲིག་པའི་ངོས་ནས་གནོད་ཐེབས་ས་ཁུལ་དུ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། ཧིན་སྒོར་ཁྲི་གཅིག་ཞལ་འདེབས་སྤྲད་ཡོད་པ་རེད།
ད་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ཁྲོད་དུ་ཞུགས་མཁན་བུ་མོ་བཞི་ཡོད་པ་རྣམས་ནི། དང་པོ། བྷེང་ལོར་ནས་ཡིན་པ་རིན་ཆེན་ཆོས་སྒྲོན། ལོ་༢༥། སྐྲ་བཟོའི་ལག་ཤེས་སྦྱོང་བརྡར་བྱེད་བཞིན་པ་དང། གཉིས་པ། བྷེང་ལོར་ནས་ཡིན་པ་བསྟན་འཛིན་གནམ་ཆོས། ལོ་༢༢། སི་ཊི་ཇོ་སི་ཧྥིའི་མཐོ་སློབ་ཏུ་སྤྱི་ཚོགས་ཞབས་ཞུའི་སྐོར་སློབ་སྦྱོང་བྱེད་ བཞིན་པ། གསུམ་པ། ཝ་ཎ་མཐོ་སློབ་ནས་ཡིན་པ་བསྟན་འཛིན་ནོར་འཛོམས། ལོ་༢༣། ཤཱསྟྲི་སློབ་མཐར་ཕྱིན་ཚར་ཙམ་ཡིན་པ། བཞི་པ། དྷ་ས་ནས་ཡིན་པ་དབྱངས་ཅན་མེ་ཏོག ལོ་༡༩། ད་ལྟ་སྐབས་དྷ་སར་སློབ་སྦྱོང་བྱེད་བཞིན་པ་བཅས་རེད།
མཛངས་མའི་འགྲན་སྡུར་བྱས་ནས། ལོར་དགུ་འགོར་ཡོད་པ་དང། བོད་པའི་སྤྱི་ཚོགས་ནང་དེ་ལ་ཡག་པོ་མེད་སྐོར་བརྗོད་མཁན་མང་པོ་ཡོད་ལ། དགའ་བསུ་བྱེད་མཁན་ཡང་ཡོད་པ་རེད། ཡིན་ནའང་འཛུལ་ཞུགས་བྱེད་མཁན་ཉུང་ཉུང་ཡིན་པ་དང། བུད་མེད་སློབ་སྦྱོང་ཡོད་མཁན་དང། གཟུགས་བྱད། སྤྱོད་ལམ་སོགས་ཚད་ལྡན་ཡོད་མཁན་དེ་བས་དཀོན་པོ་ཆགས་ཡོད་པ་རེད། འགྲན་སྡུར་སྐབས་དགུའི་རིང་མང་ཤོས་བུད་མེད་༦ འཛུལ་ཞུགས་བྱས་ཡོད་པ་དང། གཅིག་མ་གཏོགས་མེད་པ་ཡང་སྐབས་གཉིས་ལ་བྱུང་ཡོད་པ་རེད།