བོད་ཡིག་གལ་ཆེན་ཡིན་པས་གུང་སེང་སྐབས་སྦྱོང་བར་ཡོང་བ་ཡིན།

ཟླ་འདིའི་ཚེས་༤ ཉིན་མཐོ་སློབ་དེའི་ནང་དུ་སློབ་མ་ཚོར་‘ཤེས་རབ་དང་སྙིང་སྟོབས་’ཞེས་པའི་བརྗོད་གཞིའི་ཐོག་རྩོམ་རིགས་དགེ་རྒན་ཨ་འཁོར་བཟོད་པ་ལགས་ཀྱིས་དམིགས་བསལ་འཛིན་གྲྭ་ཞིག་འཚོགས་སོང་ལ། སྐབས་དེར་བོད་ཀྱི་རྩོམ་པ་པོ་ཁག་ཅིག་ངོ་སྤྲོད་དང་འབྲེལ་ནས་ནང་ཁུལ་བགྲོ་གླེང་བྱས་སོང།

འདི་གའི་གསར་འགོད་པས། མཐོ་རིམ་སློབ་མ་ཚོ་བོད་ཡིག་སྦྱོང་དུ་ཡོང་དགོས་པའི་དམིགས་ཡུལ་དང། བོད་ཡིག་མ་སྦྱང་ན་དཀའ་ངལ་གང་ཡོད། བོད་པའི་སློབ་ཁྲིད་བྱེད་སྟངས་དང། མི་རིགས་གཞན་པའི་སློབ་ཁྲིད་བྱེད་སྟངས་ལ་ཁྱད་པར་ཡོད་མེད་སྐོར་གྱི་དྲི་བ་ཁག་ཅིག་དྲིས་པ་ཡིན།

karsang yangdun 4 juneརྒྱ་གར་ཅཱེ་ནའ་མ་ཏྲི་ར་སིའི་མཐོ་སློབ་ནས་ཡོང་བའི་སྐལ་བཟང་དབྱངས་སྒྲོན་གྱིས། “ངས་བོད་ཡིག་ཡག་པོ་ཤེས་ཀྱི་མེད། བོད་པ་ཡིན་པའི་ཆ་ནས་བོད་ཡིག་ཤེས་རྒྱུ་གལ་ཆེན་པོ་ཡིན་པས། གུང་སེང་སྐབས་བོད་ཡིག་སྦྱོང་དུ་ཡོང་བ་ཡིན། སྔོན་མ་འཛིན་གྲྭ་བཅུ་གཉིས་བར་བོད་ཡིག་སྦྱོང་རྒྱུ་ཡོད་པ་རེད་མོད། མཐོ་སློབ་ཏུ་སོང་ནས་ལོ་གཉིས་གསུམ་ལ་བོད་ཡིག་སྦྱོང་རྒྱུ་ཡོད་པ་མ་རེད། མཐོ་སློབ་ཏུ་མི་རིགས་མང་པོ་ཡིན་པས། དབྱིན་སྐད་བཤད་བསྡད་པས། བོད་སྐད་གཙང་མ་ཡང་ཤེས་ཀྱི་མི་འདུག ད་ལྟ་འདིར་སྔོན་མ་བོད་ཡིག་སྦྱངས་པ་དེ་ཚོ་བསྐྱར་སྦྱོང་དང། གོ་རྟོགས་ཡག་པོ་ཆགས་ཀྱི་འདུག སྤྱིར་བཏང་བོད་པའི་དགེ་རྒན་གྱིས་རྟག་པར་སོ་སོས་བསླབ་སྡོད་པ་ལྟ་བུ་རེད། མཐོ་སློབ་ནང་དུ་དགེ་རྒན་གྱིས་བསླབས་པ་དང། སོ་སོས་བཤད་རྒྱུ་དང་སློབ་རྒྱུའི་གོ་སྐབས་ཡང་ཡོད་པ་རེད། བོད་ཡིག་མ་ཤེས་ན་དཀའ་ངལ་ཆེ་ཤོས་དེ་ལས་ཀ་རག་གི་མི་འདུག་ལ། མི་རྒན་པ་མཉམ་དུ་སྐད་ཆ་བཤད་སྐབས་ཀྱང་དཀའ་ངལ་འཕྲད་ཀྱི་འདུག་”ཅེས་འགྲེལ་བརྗོད་བྱས་སོང།

tenzin thenli 4 juneརྒྱ་གར་གྷའུ་ཅི་རཱ་ཏི་བྷ་རོ་ཊཱ་མཐོ་སློབ་ནས་ཡོང་བའི་བསྟན་འཛིན་འཕྲིན་ལས་ཀྱིས། “སྤྱིར་བཏང་མི་རིགས་སུ་ཞིག་ཡིན་ནའང་སོ་སོར་སྐད་དང་རིག་གཞུང་ཡོད་པ་རེད་ལ། རྒྱ་གར་ཡིན་ནའང་སོ་སོའི་སྐད་ཡིག་ཅིག་བཤད་རྒྱུ་ཡོད་པ་རེད། སྤྱི་ཚོགས་ནང་འགྲོ་སྐབས་བོད་ཡིག་མ་ཤེས་ན་ངོ་ཚ་པོ་ཆགས་ཀྱི་འདུག ང་ཚོ་གཞི་རིམ་སློབ་གྲྭའི་སྐབས་བོད་པའི་སྐད་ཡིག་གཅིག་པུ་མ་གཏོགས། སློབ་ཚན་ཚང་མ་དབྱིན་ཡིག་རེད། དེའི་སྐབས་ལེ་ལོ་ཆེན་པོ་བྱས་ནས་བོད་ཡིག་ལ་དོ་སྣང་མ་ཐུབ་པ་རེད། མཐོ་རིམ་སློབ་གྲྭར་འགྲོ་སྐབས་བོད་ཡིག་གལ་ཆེན་ཡིན་པ་ཤེས་ནས། གུང་སེང་དང་སྟབས་བསྟུན་ནས་བོད་ཡིག་སྦྱོང་བར་ཡོང་བ་ཡིན། དགེ་རྒན་དང་འཆམ་པོ་ཡོད་ན་དྲི་བ་དེ་ཚོ་ཡང་མང་པོ་གཏོང་ཐུབ་ཀྱི་རེད། ད་ལྟ་སཱ་ར་མཐོ་སློབ་ཏུ་སློབ་ཁྲིད་བྱེད་སྟངས་ཡག་པོ་འདུག སྔོན་མ་སྦྱངས་པ་དེ་ཚོ་བསྐྱར་སྦྱོང་ཡག་པོ་བྱུང་སོང། མ་འོངས་པར་སློབ་སྦྱོང་མང་ཆེ་བ་དབྱིན་ཡིག་ཐོག་བྱེད་རྒྱུ་དང། བོད་ཡིག་ནང་རྩོམ་ཡིག་འབྲི་རྒྱུར་འབད་བརྩོན་བྱེད་རྒྱུ་དང། མཐོ་སློབ་ཅིག་ཏུ་དགེ་རྒན་བྱེད་བསམ་པའི་དམིགས་ཡུལ་ཡོད་”འགྲེལ་བརྗོད་བྱས་སོང།

lobsang tserang 4 juneརྒྱ་གར་གྷའུ་ཅི་རཱ་ཏི་བྷ་རོ་ཊ་མཐོ་སློབ་ནས་ཡོང་བའི་བློ་བཟང་ཚེ་རིང་གིས། “སྤྱིར་བཏང་ང་བོད་ཡིག་ཡིག་གཟུགས་སྐྱོ་པོ་ཡིན། དེ་སྦྱོང་རྒྱུ་དང་ཡི་གེ་ཀློག་སྐབས་གོ་བ་ཡག་པོ་ཞིག་ལེན་ཐུབ་པའི་ཆེད་དུ་འདིར་ཡོང་བ་ཡིན། བོད་པ་མཐོ་རིམ་སློབ་མ་ཚོ་མཉམ་དུ་འཛོམས་སྐབས། སྐད་འདྲ་མིན་བསྲེས་ནས་བཤད་སྡོད་པ་དེ་ཐབས་སྐྱོ་པོ་འདུག སློབ་མ་ཚོས་རྒྱུན་དུ་ཉིན་ཐོ་ལྟ་བུ་ཞིག་ཡིན་ན། དབྱིན་ཡིག་ནང་འབྲི་བ་ལས་བོད་ཡིག་འབྲི་མཁན་དཀོན་པོ་རེད་ལ། དམིགས་བསལ་གྱིས་མིང་ཚིག་གསར་པ་མ་ཤེས་པའི་དཀའ་ངལ་ཡོད་པ་རེད། མ་འོངས་པར་བོད་ཡིག་ཡག་པོ་ཞིག་སྦྱོང་རྒྱུ་དང། རྩིས་ཀྱི་ཐོག་ལས་ཀ་བྱེད་རྒྱུའི་དམིགས་ཡུལ་ཡོད་”ཅེས་འགྲེལ་བརྗོད་བྱས་སོང།

pema choedun 4 juneལྡི་ལི་མཐོ་སློབ་ནས་ཡོང་བའི་པདྨ་ཆོས་སྒྲོན་གྱིས། “ང་ཚོས་འཛིན་གྲྭ་བཅུ་གཉིས་བར་དུ་བོད་ཡིག་སྦྱངས་པ་རེད་མོད། དེའི་སྐབས་བོད་ཡིག་མ་གཏོགས་སློབ་ཚན་ཚང་མ་དབྱིན་ཡིག་ཡིན་པས། བོད་ཡིག་ཡིག་ཚད་ཁུངས་འཁྱོལ་ཙམ་བྱས་པ་ལས། དེབ་མང་པོ་ཀློག་རྒྱུ་སོགས་ལ་དོ་སྣང་བྱེད་མ་ཐུབ་པ་རེད། མཐོ་སློབ་ཏུ་འགྲོ་སྐབས་བོད་ཡིག་གི་དུས་དེབ་དང། ཚགས་པར་སོགས་ཀློག་བསམས་ནའང་ཚིག་མཐོན་པོ་དེ་ཚོ་གོ་བ་ལེན་མ་ཐུབ་པའི་དཀའ་ངལ་འདུག་པས། གུང་སེང་སྐབས་བོད་ཡིག་སྦྱོང་ཐུབ་ན་བསམས་སོང། ཟླ་བ་གཅིག་རིང་ལ་བོད་ཡིག་ཡར་རྒྱས་ཆེན་པོ་ཞིག་གཏོང་ཐུབ་ཀྱི་མ་རེད་མོད། སྔོན་མ་དེ་ཚོ་བསྐྱར་སྦྱོང་བྱུང་ན་བསམས་སོང། བོད་ཡིག་སྦྱོང་རྒྱུར་དགའ་པོ་ཡོད་མོད། གནས་ཚད་ཀྱིས་ལྕོགས་ཀྱི་མི་འདུག བོད་སྐད་གཙང་མ་བཤད་མ་ཐུབ་ནས་སྐད་ཡིག་གཞན་པ་བསྲེ་བསྲེ་གཏོང་བ་སོགས་ཐབས་སྐྱོ་པོ་རེད། མཐོ་སློབ་ནང་དུ་བོད་པས་དབྱིན་ཡིག་འབྲི་བ་དང། ཀློག་ཡག་པོ་ཡོད་ནའང། སྐད་ཆ་བཤད་སྐབས་ཅུང་སྐྱོ་པོ་རེད། ངས་མ་འོངས་པར་དབྱིན་ཐོག་སྤྱི་ཚོགས་ཀྱི་གནས་བབས་སོགས་འབྲི་ཐུབ་པའི་རིགས་གཅིག་རྐང་འཛིན་བྱེད་རྒྱུའི་དམིགས་ཡུལ་ཡོད་”ཅེས་འགྲེལ་བརྗོད་བྱས་སོང།།