ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

དེ་ཡང་༸གོང་ས་མཆོག་གིས་བཀའ་བསྩལ་དོན། འཛམ་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཞིག་ཡོད་པ་རེད། ཆོས་ལུགས་དེ་དག་གིས་རང་རང་སོ་སོའི་ཆོས་པ་ཚོར་ལོ་སྟོང་ཕྲག་རིང་ལ་ཕན་ཐོགས་ཆེན་པོ་བྱས་ཡོད། དེར་བརྟེན་ཡུལ་གང་དང་གང་གི་མི་ཚོས་རང་རང་གི་ཕ་མེས་ཀྱི་ཆོས་དེ་ཉམས་སུ་ལེན་རྒྱུ་དེ་འཇུག་པོ་དང་འཕྲོད་པོ་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ངའིི་ངོ་ཤེས་པ་མང་པོ་ཡོད། དེ་ཚོ་མང་པོ་ཞིག་གིས་ནང་པའི་ཆོས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་འདུག ལྷག་པར་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་ཀྱི་འདུག ངས་ནམ་རྒྱུན་ཁོང་ཚོར་བརྗོད་ཀྱི་ཡོད། ཁྱེད་རང་ཚོ་སོ་སོའི་ཕ་མེས་ཀྱི་ཆོས་དེ་ཉམས་སུ་བླངས་ན་ཡག་གི་རེད། ཆོས་ལུགས་བསྒྱུར་ན་ཡག་པོ་ཡོད་མ་རེད། འོན་ཀྱང་གང་ཟག་རེ་ཟུང་གི་གནས་ཚུལ་ཁག་ཁག་རེད། སོ་སོའི་ཁམས་དང་མོས་པའི་ཁྱད་པར་ལས་ནང་པའི་ཆོས་ཀྱིས་ཕན་པ་དེ་འདྲ་ཡོང་སྲིད་ཀྱི་རེད། སྤྱི་ཡོངས་ཀྱི་ཆ་ནས་ཆོས་ལུགས་བསྒྱུར་རྒྱུ་ཡོད་མ་རེད་ཅེས་དང།

མུ་མཐུད་བཀའ་གནང་དོན། ང་ཚོས་ཆོས་དེ་བདག་པོ་རྒྱག་ཅེས་བདག་པོ་རྒྱག་སྟངས་ག་འདྲ་རེད་ལབ་ན། ལྷ་ཁང་ཡོད་པ་དེ་གལ་ཆེན་པོ་རེད། འོན་ཀྱང་བདག་པོ་ངོ་ཐོག་རྒྱག་རྒྱུ་དེ་ལུང་དང་རྟོགས་པའི་ཡོན་ཏན་རང་རྒྱུད་ལ་ཚང་བར་བྱས་ཏེ། ལུང་གི་ཡོན་ཏན་ཞེས་བརྗོད་སྐབས་སྡེ་སྣོད་གསུམ་གྱི་དོན་དག་ལ་འཆད་ཉན་བྱས་ཏེ་མཁས་པའི་ཡོན་ཏན་ཚང་དགོས་ཀྱི་རེད། རྟོགས་པའི་ཡོན་ཏན་བརྗོད་སྐབས་ལུང་སྡེ་སྣོད་གསུམ་ནས་བཤད་པའི་བསླབ་གསུམ་གྱི་ཉམས་ལེན་རྒྱུད་ཆུད་པ་ཞིག་དགོས་ཀྱི་རེད། དེར་བརྟེན་ང་ཚོར་བཀའ་འགྱུར་པོ་ཏི་༡༠༠ ཙམ་ཞིག་དང་བསྟན་འགྱུར་པུ་ཏི་༢༢༥ ཡོད་པ་དེ་དག་ལ་སློབ་སྦྱོང་བྱེད་རྒྱུའི་དོན་དག་ལ་བཅོམ་ལྡན་འདས་ཀྱིས་བཀའ་གནང༌། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་བཅོམ་ལྡན་གྱི་དགོངས་པ་གཏན་ལ་ཕབ་པའི་དཔེ་ཆ་དེ་དག་ང་ཚོས་ལྟ་དགོས་ཞེས་བཀའ་གནང་ཡོད་པ་རེད།

ཡང་ནང་པའི་ཆོས་སློབ་སྦྱོང་དགོས་སྐོར་བཀའ་གནང་དོན། ངའི་ངོ་ཤེས་པ་ཨོ་སི་ཁྲུ་ལི་ཡར་སྡོད་མཁན་གྱི་བོད་པ་ཞིག་ཡོད། མཚམས་རེ་ཁོང་རང་གི་ཕ་ཡུལ་དུ་འགྲོ་ཡི་ཡོད་པ་རེད། ན་ནིང་ང་དང་ཐུག་བྱུང། ཁོ་རང་ཕ་ཡུལ་ལ་ལྟ་སྐོར་དུ་ཕྱིན་ནས་ཚུར་ཡོང་བ་ཡིན་ཞེས་བརྗོད་བྱུང༌། ཕ་ཡུལ་གྱི་དགོན་པའི་ནང་འདོན་པ་འདོན་པ་མ་གཏོགས་སློབ་སྦྱོང་བྱེད་ཀྱི་མི་འདུག ཁོང་ཚོའི་དགོན་པའི་ནང་ཉིན་ཞིག་སློབ་ཕྲུག་ཁག་གཅིག་ཡོང་སྟེ་མཛད་པ་བཅུ་གཉིས་ག་རེ་རེད་ཅེས་སྐད་ཆ་དྲིས་སྐབས། སློབ་ཕྲུག་ཚོར་ཐུག་མཁན་གྱི་གྲྭ་པ་ཚོའི་ནང་ནས་མཛད་པ་བཅུ་གཉིས་སུ་གཅིག་གིས་ཤེས་ཀྱི་མེད་པ་རེད། མཛད་པ་བཅུ་གཉིས་ཤེས་ཀྱི་མེད་སྟབས་ལན་རྒྱག་རྒྱུ་མ་བྱུང༌། ངོ་ཚ་པོ་བྱུང༌། ང་ཚོས་དཔེ་ཆ་ཏོག་ཙམ་བལྟ་དགོས་ཀྱི་འདུག་ཅེས་དེ་འདྲ་ཟེར་གྱི་འདུག་ཅེས་བརྗོད་བྱུང། དེར་བརྟེན་ཁྱེད་རང་ཚོ་ཚང་མས་དོ་སྣང་དང་སློབ་སྦྱོང་ཡག་པོ་བྱེད་དགོས་པ་རེད། གང་ལྟར་སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་རེད། ཤེས་ཡོན་ཡར་རྒྱས་འགྲོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། སྤྱིར་རྒྱ་གར་རྒྱལ་ཡོངས་ལ་ཤེས་ཡོན་ཡར་རྒྱས་ཀྱི་མྱུར་ཚད་མགྱོགས་པོ་འགྲོ་ཡིི་ཡོད། ཧི་མ་ལ་ཡའི་རི་ཁུལ་དེ་དག་གིས་ཀྱང་ཤེས་ཡོན་དེའི་རྗེས་ཟིན་ཐུབ་པ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ཁྱེད་རང་ཚོ་ཕྱག་ལས་གནང་མཁན་ཚོ་དང་མངའ་སྡེའི་གཞུང་ནས་ཐུགས་ཁུར་གནང་གི་ཡོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།།