ཕྲུ་གུ་ཚོར་དུས་རབས་དང་མཐུན་པའི་སློབ་གསོ་སྤྲོད་དགོས།
དེ་ཡང་ཉིན་དེའི་ཞོགས་པ་སྐུ་མགྲོན་གཙོ་བོ་ས་གནས་གཞིས་འགོ་དཔལ་ལྡན་དོན་གྲུབ་དང། མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི་ཕུན་རབ་ཆོས་བཟང་གཙོས་གཞིས་གྲོང་ཁག་དགུའི་སྤྱི་མི་དང་སློབ་ཕྲུག་མི་མང་བཅས་མཉམ་འཛོམས་ཐོག གཞིས་གྲོང་སྤྱི་མི་བསྟན་པ་རྒྱལ་མཚན་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་གྲུབ་རྗེས། སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་དང། སློབ་སྤྱི་ཕུན་རབ་ཆོས་བཟང་ལགས་གཉིས་ནས་སློབ་ཕྲུག་དང་དགེ་རྒན། དེ་བཞིན་ཕ་མ་དང་ཕྲུ་གུའི་བར་གྱི་འབྲེལ་ལམ་འཛིན་ཕྱོགས་དུས་རབས་དང་མཐུན་པའི་སྒོ་ནས་ཕན་ཚུན་སློབ་གསོ་དང་གུས་བཀུར་བྱེད་དགོས་སྐོར་དང། གཞིས་གྲོང་བརྒྱད་པ་ནི་གང་ཅིའི་ཐད་ནས་བསྔགས་བརྗོད་ཡོད་པས་གཞིས་གྲོང་གཞན་པ་ཚོས་མིག་དཔེར་ལེན་རོགས་ཞེས་ལམ་སྟོན་གསུང་བཤད་གནང་སོང་།
དེ་བཞིན་སློབ་གྲྭ་ཁག་གི་ནང་ཡོད་པའི་གཞིས་གྲོང་འདི་གའི་སློབ་ཕྲུག་ཨང་རིམ་རྩེར་སོན་ཚོར་བྱ་དགའ་གསོལ་རས་དང་སློབ་ཕྲུག་ཡོངས་ལ་འབྲི་དེབ་དང་སྨྱུ་གུ་སྤྲད་ཡོད་པ་རེད། དེ་རྗེས་ཤེས་ཡོན་ཚོགས་ཆུང་གི་ཚོགས་མི་ཚེ་བརྟན་ནོར་བུ་ལགས་ཀྱིས་སྐུ་འགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་སྦྲགས་གྲོང་སྡེ་བརྒྱད་པའི་ཤེས་ཡོན་ཚོགས་ཆུང་གི་ངོས་ནས་རྒྱུན་ལྡན་ས་གནས་སློབ་ཕྲུག་རྣམས་ལ་དགེ་རྒན་ཆེད་མངགས་ཀྱིས་སློབ་ཚན་རང་སྦྱོང་དང་ནང་ཆོས་དང་འབྲེལ་བའི་ཟུར་ཁྲིད་གོ་སྒྲིག་ཞུ་དང་ཞུ་མུས་ཡིན། སླད་ཀྱང་༧གོང་ས་མཆོག་དང་རང་གཞུང་གི་བཀའ་དགོངས་བཞིན་མུ་མཐུད་དེ་ལྟར་གོ་སྒྲིག་ཞུ་འཆར་ཡོད་ཅེས་འགྲེལ་བརྗོད་བྱས་སོང་། །
མོན་གྷོ་གསར་འགོད་པས།