རྩ་དོན་རྩོད་སྐབས་རྒྱལ་སྤྱིའི་འཕོ་འགྱུར་ལ་བསྟུན་དགོས།
ཟླ་འདིའི་ཚེས་༨ ཞོགས་པ་ཧོན་སོར་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག དཔལ་ལྡན་བླ་མ་རྒྱུད་པའི་འདུ་ཁང་དུ་དགེ་འདུན་པ་རྣམས་ལ་ད་ལྟའི་བོད་ཀྱི་རྩ་དོན་གྱི་གནས་བབ་དེ་ག་པར་གནས་ཡོད་མེད་ཀྱི་དུས་སྐབས་གཞིར་བཞག་པའི་བོད་མའི་རྩ་དོན་རྩོད་པར་དགོས་མཁོ་ཆེ་བའི་ནུས་པ་བཅུ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་སོང། དེ་ཡང་ཁོང་གིས་ནུས་པ་བཅུ་དེ་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་དང་། མི་མང་གང་ཞིག་གིས་རྩ་དོན་རྩོད་པའི་སྐབས་ལ་ནུས་པ་གང་གིས་འདངས་བ་དང་། གང་གིས་མ་འདངས་བའི་གནས་སྟངས་ལ་ང་ཚོས་སློབ་གསོ་བླངས་ནས། རྩ་དོན་ག་འདྲ་རྩོད་དགོས་ཀྱི་ཡོད་མེད་ལྟ་དགོས་པ་དང། ལྷག་པར་དུ་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པས། ཡུལ་དུས་སྐབས་བབ་དང། རྒྱལ་སྤྱིའི་ཁོར་ཡུག་བཅས་ལ་ལྟ་རྒྱུ་གལ་ཆེན་པོ་ཡིན་པའི་གནས་ལུགས་དཔེ་མཚོན་དང་བཅས་བཤད་རྗེས། ད་ལྟའི་སྐབས་བབ་ཀྱི་མི་མང་གི་ནུས་པ་དང། དེ་བཞིན་ཆབ་སྲིད། དཔལ་འབྱོར། དམག་དཔུང། ཁྲིམས་ལུགས་སོགས་ཀྱི་ནུས་པ་བཅུ་ལ་བརྟེན་ནས་རྩ་དོན་རྩོད་སྟངས་སྐོར་གསུངས་སོང།
དེ་ཡང་རྒྱལ་སྤྱི་དང་ལུང་པའི་ཆབ་སྲིད་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་བྱེད་དགོས་པའི་གཏམ་བཤད་གནང་རྗེས་དགེ་འདུན་པ་རྣམས་དང་དྲི་བ་དྲིས་ལན་བྱས། ཉིན་རྒྱབ་རྫོང་དཀར་ཆོས་སྡེ་དང། ཚེས་༩ ཉིན་གྱི་སྔ་དྲོ་མི་མང་དང་། ཕྱི་དྲོ་ཕ་མའི་ཚོགས་ཆུང་བཅས་ཀྱི་རེ་སྐུལ་གོ་སྒྲིག་བྱས་པ་ལྟར་སློབ་ཕྲུག་ཚོར་གཏམ་བཤད་བྱས་ཡོད་པ་རེད། སྦེལ་ཀོབ་དང། མོན་གྷོ་ས་གནས་སུ་ཡང་གཏམ་བཤད་སྤེལ་འཆར་ཡོད་པ་རེད།། མེ་སོར་གསར་འགོད་པས་ཧོན་སོར་རབ་རྒྱས་གླིང་ནས།