བོད་ཀྱི་འབྲོག་ཁྱི་རྒྱ་ནག་ཧྲང་ཧའེ་རུ་ངོམ་རྒྱུ་ཡིན་ཟེར།

tb dog1

ད་དུང་འབྲོག་ཁྱིའི་རིག་གནས་ཀུང་སི་དང་འབྲོག་ཁྱི་དྲ་བའི་འགན་ཁུར་བས། འགྲེམས་སྟོན་བྱེད་པའི་སྐབས་དེར་གཙོ་བོ་པར་རིས་དང་། ཟས་རིགས། དུས་དེབ། འབྲོག་ཁྱི་བརྗོད་བྱར་བྱས་པའི་སྒྱུ་རྩལ་དངོས་རྫས་དང་འབྲོག་ཁྱིའི་རིག་གནས་གླེང་སྟེགས་སོགས་བརྒྱུད་ནས་ཀྲུང་གོའི་བོད་ཀྱི་འབྲོག་ཁྱིའི་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱ་རྒྱུ་ཡིན། རྒྱ་དབྱིན་སྐད་གཉིས་ཀྱི་ལམ་ནས་《བཀྲ་ཤིས་པའི་བོད་ཁྱི》 ཞེས་པ་དྲིལ་བསྒྲགས་བྱེད་པའི་དཔེ་དེབ་ཀྱང་ཉེ་ལམ་པེ་ཅིང་ནས་ཐོག་མར་འགྲེམས་སྤེལ་བྱས་ཡོད་ཅེས་བཤད་པའི་སྐོར་ཡང་བཀོད་འདུག

འབྲོག་ཁྱི་ནི་བོད་མཐོ་སྒང་གི་འབྲོག་པའི་ས་ཆ་ན་རྐུན་ཇག་འགོག་མཁན་དང། སྒོ་ཟོག་རྣམས་གཅན་གཟན་གཏུམ་པོའི་འཇིགས་པ་ལས་སྐྱོབ་པར་བྱེད་མཁན་གྱི་སྒོ་ཁྱི་ཧ་ཅང་རྩ་ཆེན་ཞིག་ཡིན་པས། བོད་མི་རྣམས་ཀྱིས་ཁྱིམ་ཚང་སོ་སོའི་སྒོ་འགྲམ་དུ་འདོགས་པར་བྱེད་པས་ན་འདོགས་ཁྱི་ཞེས་ཀྱང་བརྗོད་ཀྱི་ཡོད་ལ། དེང་སྐབས་འབྲོག་ཁྱིའི་རྒྱུད་པ་སྟོང་ཉེའི་མཚམས་སུ་སླེབས་ཡོད་པ་རེད། དེ་ཡང་ཉེ་བའི་ལོ་ཤས་ཀྱི་རིང་ལ་རྒྱ་མིའི་ཚོང་པ་རྣམས་ཀྱིས་བོད་ཀྱི་འབྲོག་ཁྱི་ལ་དམིགས་བསལ་ཁྱིའི་རིགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད་པ་ཤེས་ནས། བྱ་རྒོད་ཤ་ལ་རྔམ་པ་བཞིན་བོད་ཀྱི་འབྲོག་ཁྱི་དེ་དག་རྒྱ་སྒོར་ཁྲི་ཚོ་མང་པོ་སྤྲད་ནས་འབྲོག་ཉོ་སྒྲུབ་བྱེད་པ་དང། རྒྱ་ནག་གི་པེ་ཅིང་དང། ཧྲན་ཏུང། ཧོ་པེ། ཐན་ཅིང་སོགས་གྲོང་ཁྱེར་ཁག་ཏུ་བཙོང་ནས་ཁེ་སང་ཆེན་པོ་བླངས་ཡོད་པ་རེད། རྒྱ་ནག་གི་གྲོང་ཁྱེར་འགའ་ཞིག་ན་བོད་པ་ཞེས་བརྗོད་དུས་ཧ་མི་གོ་བ་དང། འབྲོག་ཁྱི་ཞེས་བརྗོད་དུས་ཧ་གོ་མཁན་ཡོད་པ་མ་ཟད། འབྲོག་ཁྱི་ལ་ཧ་ཅང་དགའ་པོ་ཡོད་ཚུལ་བརྗོད་མཁན་གྱི་རྒྱ་མི་མང་པོ་ཡོད།
tibetan dog-4

སྤྱིར་བོད་ཀྱི་ཐུན་མིན་རིག་དངོས་རྩ་ཆེན་གང་ཞིག་ཡོད་པ་ཚང་མ་རྒྱ་མིའི་ཚོང་པ་གཙོ་བོར་གྱུར་པའི་དེའི་འཁོར་ན་གནས་པ་རྣམས་ཀྱིས་དངུལ་དངོས་ཀྱི་བསླུ་བྲིད་འོག་ཧམ་འཁྱེར་བྱེད་བཞིན་ཡོད་པ་དང། དེའི་ནང་གི་བོད་ཀྱི་གཟི་ཚ་སྡེ་དགུའི་ཁུལ་གྱི་རྩ་ཆེའི་དོམ་ཁྲ་དང། འབྲོག་ཁྱི་ལྟ་བུ་རེད། དེ་བཞིན་བོད་ནང་གི་ས་འོག་གི་གཏེར་ཁ་དང། དགོན་པ་སོགས་ན་ཡོད་པའི་རྩ་ཆེའི་ལྷ་སྐུ་རྟེན་གསུམ་སོགས་ཟ་འདོད་ཀྱི་འགྲམ་ཆུ་ལྡང་ནས་ཡོད་པ་ཞིག་ལས། དོན་ངོ་མ་ཁོ་ཚོ་བོད་རྒྱལ་ཁབ་ལ་མི་དགའ་ཞིང་བོད་མི་རིགས་ལ་དེ་བས་མི་དགའ་བ་མངོན་གསལ་དོད་པོ་རེད། ཁོ་ཚོའི་དགའ་ས་ནི་བོད་ཀྱི་ས་ཆ་དང། བོད་ཀྱི་ཐོན་ཁུངས་དེ་དག་ཡིན་ལ་དེ་ཚོར་ནམ་ཡང་བདག་པོ་རྒྱག་འདོད་ཀྱི་ཧམ་སེམས་ཆེན་པོ་ཡོད་པ་ཞིག་རེད།།