སྒོ་ཡོན་གྱི་རྩོམ་ཡིག་འདྲེན་བཀོད།
གནས་ལ་ངེས་གཏན་མེད་ཅིང༌།།
དུས་ལ་ཉིན་མཚན་མེད་པར།།
སྲིན་པོའི་ཁམས་ལ་ཕྱིན་པའི།།
སྨྱོན་པས་གླ་རིང་བྱས་བྱུང༌།།
སྟོན་པར་བལྟ་འདོད་མེད་ལ།།
བསྟན་པར་མཉན་འདོད་བྲལ་ཡང༌།།
རྗོད་པ་རང་ལ་དབང་བའི།།
འདྲེན་པ་རང་ཐུབ་སླེབས་སོང༌།།
ལྷ་ལ་གུས་སྲོལ་མ་བཤམས།།
མི་ལ་རྩིས་ཐང་མ་བྱིན།།
བློ་རྩེ་རང་ལ་གཏད་པས།།
འདྲེ་འདི་འདྲེ་རུ་གྱུར་སོང༌།།
ཆོས་ཅན་བདག་ལས་བྱུང་ཞིང༌།།
ཆོས་ཉིད་བདག་ལ་གནས་ཕྱིར།།
མགོན་པོ་བདག་ཉིད་རློམ་པའི།།
ལས་ཅན་འདྲེ་འདི་ཡིན་སོང༌།།
སྣང་བ་སྟོང་བར་རྟོགས་ཤིང༌།།
སྟོང་བ་གསལ་བར་ཤེས་པས།།
སྣང་སྟོང་ཁྱོ་ཤུག་བྱས་པ།།
འདྲེ་ཡི་ཁྱད་ཆོས་ཡིན་སོང༌།།
དུག་གི་རླངས་པ་བཙོག་ཅིང༌།།
མི་མོའི་འཚེར་སྐད་མཛེས་པའི།།
བདེ་སྡུག་ངག་གི་ཁུགས་པ།།
འདྲེ་ལ་ཡོད་ཚོད་མི་འདུག།
གླུ་ལ་ཁ་དོག་བྲལ་ན།།
བྲོ་ལ་འཇིགས་པ་སྐྱེ་འོང༌།།
སོམ་ཉི་རྨོངས་པའི་གཏའ་མ།།
འདྲེ་ཡིས་བདག་གཉེར་མི་མཛད།།
བརྩེ་བ་སེམས་ལ་བཅུག་ཅིང༌།
།
སྡང་བ་རམ་དུ་བསྡུས་པའི།།
ཆགས་སྡང་མཚན་མ་དབེན་ཏེ།།
འདྲེ་སྐད་མངོན་དུ་བྱས་སོང༌།།
རླུང་དང་འདྲ་བའི་ལངས་ཕྱོགས།།
མེ་དང་མཚུངས་པའི་ཀུན་སྤྱོད།།
བསམ་བློ་ཤ་འདྲེས་པགས་འདྲེས།།
འདྲེ་འདིས་ལས་བྱར་གདམ་སྲིད།།
རིང་པོར་ཚེར་མ་གཏོར་འདི།།
ཐུང་ངུར་བྱིལ་བྱིལ་བྱེད་འདི།།
རང་ལ་དྲི་རྟགས་བཀོད་འདི།།
འདྲེ་ཡི་ཁ་བཏོན་ཡིན་འདྲ།།
དུས་ཚོད་གསར་བར་འགྲོགས་ཏེ།།
འདུ་ཤེས་གསར་བ་བསྐྲུན་ཅིང༌།།
སྐད་ཆ་གསར་བ་སྨྲ་བའི།།
འདྲེ་བུས་བླ་སྲོག་རྙེད་ཐལ།།
མདོར་ན་རྣམ་རྟོག་བྲལ་བའི།།
འགག་མེད་འདྲེ་ཡི་མགུར་འདིས།།
ཟག་པའི་ལམ་ལ་སྨོན་བཞིན།།
མི་ལ་འབོད་པ་བཏང་སྐད།།
༢༠༠༨.༡༢.༢༠ཉིན་ཨ་མདོ་རྐང་ཚ་རུ་བྲིས།
༢༠༠༩.༡.༢༡ ཉིན་ཁམས་གསེར་ཐང་དུ་བཅོས།