ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཐེངས་གསུམ་པ།
ཉིན་དང་པོའི་ཚོགས་འདུ་དབུ་འཛུགས་ཀྱི་སྐབས་སུ་ཀིརྟི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་ཚོགས་གཙོ་ཨ་ལགས་རྗེ་སྤྲུལ་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། ཀིརྟིའི་་དགེ་རྩ་ཚོགས་པ་ནི་ཕྱི་ལོ་༢༠༠༨ ལོར་སྐྱབས་མགོན་ཀིརྟི་རིན་པོ་ཆེ་ཡིས་འཕྲལ་ཕུགས་ཀྱི་དགེ་མཚན་དུ་མ་དང། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་བདེ་བའི་ཆེད་དུ་ཚོགས་པ་དེ་བཙུགས་པ་རེད། ཚོགས་པའི་ངོ་བོ་ག་འདྲ་ཞིག་རེད་ཅེ་ན། སྔར་ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་པའི་ངོ་བོ་བསྒྱུར་ནས། ད་ལྟ་ག་འདྲ་ཞིག་ཆགས་ཡོད་རེད་ཟེར་ན། གཞན་ཕན་ཆོས་ཕྱོགས་དང། དེའི་སྒང་ལ་མང་གཙོའི་རང་བཞིན་ལྡན་པའི་ཚོགས་པ་ཞིག་ཆགས་བསྡད་ཡོད་རེད། སྔར་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཞེས་པ་དེ་སྔར་ལོ་སུམ་བརྒྱ་ལྷག་གི་རིང་ལ་མདོ་སྨད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང། སྐྱེ་འགྲོ་མང་པོ་ཞིག་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་རེད། འོན་ཀྱང་དུས་ཀྱི་དགོས་མཁོར་བརྟེན་ནས་སྐྱབས་མགོན་རིན་པོ་ཆེས་མི་མང་གིས་གཙོ་བོ་འགན་འཁུར་ལྡན་པའི་ཚོགས་པ་ཞིག་གི་ངོ་བོར་བསྒྱུར་ནས། ཀིརྟི་དགེ་རྩ་ཚོགས་པ་ཞེས་པ་བཙུགས་པ་རེད། ཚོགས་པ་དེ་བཞིན་སྔར་དང་མི་འདྲ་བར་གཞན་ཕན་ཆོས་ཕྱོགས་ཁོ་ན་མ་གཏོགས་ཆབ་སྲིད་དང་གཏན་ནས་འབྲེལ་བ་མེད་པ་ཞིག་རེད་ཅེས་གསུངས་སོང།
མུ་མཐུད་གསུང་དོན། རྒྱ་ནག་སྲིད་གཞུང་གིས་གཙོས་པའི་ང་ཚོའི་ཚོགས་པ་འདི་ལ་གལ་སྲིད་ཆབ་སྲིད་ཀྱི་དོགས་པ་རྣམ་རྟོག་དེ་འདྲ་ཡོད་ན། ང་ཚོའི་དགེ་རྩ་ཚོགས་པའི་སྒྲིག་གཞི་ཡོད་རེད། དེ་བཞིན་བར་བརྒལ་གྱི་སྒྲིག་གཞིའི་ཟིན་བྲིས་ཡོད་པ་རེད། ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་དང་པོའི་འགན་འཛིན་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པ་འཚོགས་ཚར་བ་རེད། ཐེངས་དང་པོ་དང་གཉིས་པའི་སྐབས་སུ་གྲོས་ཆོད་མང་པོ་བཞག་ཡོད་རེད། གྲོས་ཚོགས་ལ་ཕེབས་པ་ཡིན་ན་ཆོས་ཕྱོགས་རྐྱང་པ་མ་གཏོགས་ཆབ་སྲིད་དང་འབྲེལ་བ་མེད་པ་མཁྱེན་མདོག་ཁ་པོ་རེད་ཅེས་གསུངས་སོང།
དེ་རྗེས་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་འབྲིང་བ་དཀོན་མཆོག་འཇིགས་མེད་ལགས་ཀྱིས་ལས་བསྡོམས་སྙན་གསེེང་ཞུས་རྗེས་བགྲོ་གླེང་གནང་ཡོད་པ་རེད། མུ་མཐུད་ཚེས་༡༡ དང་༡༢ ཚེས་༡༣ བཅས་ཉིན་གསུམ་རིང་ལོ་སྔོན་མའི་གྲོས་ཆོད་ལ་བསྐྱར་ཞིབ་དང་དྲི་བ་དྲིས་ལན་སོགས་བགྲོ་གླེང་ལྷུག་པོ་གནང་རྒྱུ་ཡིན་པ་རེད།།