སྒོ་ཡོན་ ་་་་་་ངས་གོ་སོང་།
ཚོགས་ཆོས་དཔེ་ཁྲིད་མང་བའི་དུས་ཚིགས་འདིར།།
དྲ་ཚིགས་བལྟ་ཀློག་བྱེད་ཁོམ་མ་བྱུང་བས།
གྲོགས་ཀྱི་གནས་སྟངས་སྐྱོ་བོ་མ་ཐོས་ཀྱང་།།
གཏམ་ངན་དེ་རིང་ཐོས་ཏེ་ལན་ཞིག་ཕུལ།།
བརྡ་འཕྲིན་བརྒྱུད་ནས་བདག་གིས་རིག་དུས་སུ།།
ང་ཡི་གློ་སྙིང་མཆིན་གསུམ་འདུར་བར་བྱས།།
རྒྱ་ནག་ཚང་གི་སྣང་ངོར་དོགས་གཞིར་གྱུར།།
མི་ཚེའི་མདུན་ལམ་ཐད་དུ་མནོ་བསམ་ཐོངས།།
དགོས་མཁོ་ཅན་གྱི་རྩོམ་ཡིག་སྤེལ་དུས་སུ།།
རང་དགོན་གྲྭ་གཟུགས་འགའ་རེས་གསོད་རྒྱུ་ཟེར།།
རྒྱ་ནག་ཚང་གིས་རྒྱུན་དུ་འཚོལ་ངེས་པས།།
གང་དུ་ཕྱིན་ཡང་སྐྱིད་ཅིག་མེད་འདི་སྐྱོ།།
སྙན་པའི་སྙན་ངག་འབྲི་ལ་དབང་མངའ་ཞིང་།།
མི་རིགས་ལ་རྒྱ་ལོ་ཐོའི་ནང་དུ་གསལ།།
སེང་རྡོར་ལྷན་དུ་ཤེས་ཡོན་གཤོག་ཟུང་བརྐྱངས།།
ཀླད་རྙིང་འགའ་རེས་ལྟ་ལོག་གཉིས་སུ་འབོད།།
ཨ་མདོ་འགའ་རེས་འུར་སྒྲོག་མ་ཡིན་ན།།
ཁམས་པའི་ཡུལ་དུ་ན་གཞོན་སྙིང་སྟོབས་ཅན།།
ཁྱེད་རང་ཁེར་རོ་མ་གཏོགས་མེད་དོ་ཟེར།།
དེ་འདྲ་ཡིན་ན་བོད་ལ་དགོས་མཁོ་ཆེ།།
གྲྭ་བ་གྲུབ་མཐའ་སྦྱངས་མྱོང་ཡོད་མཁན་ཞིག།
སུམ་རྟགས་སྙན་ངག་ཕྱོགས་ནས་འབུར་དུ་ཐོན།།
འགྱུར་མེད་གྲོགས་ཀྱི་དྭངས་ཤིང་ཡིད་དུ་འོང་།།
རྒྱུས་མེད་ཡུལ་ནས་བདག་གིས་བརྗེད་མི་སྲིད།།
རྒྱུན་དུ་དྲ་ཐོག་ཡོང་ན་ཁྱེད་རང་ཡོད།།
དེ་རིང་བལྟ་དུས་ཡོད་ཚད་སྟོང་བ་རེད།།
ཁེའུ་ཁེའུ་ཨང་གྲངས་ཁོག་ཏུ་ཡོད་ཀྱང་རུང་།།
གསལ་བོར་བསྣན་ཡང་ཅི་ཡང་མི་འཆར་རོ།།
ད་ནི་རྩོམ་ཡིག་འབྲི་དུས་གཟབ་གཟབ་བྱོས།།
ད་ནི་ཡར་མར་འགྲོ་དུས་དོགས་ཟོན་མཛོད།།
ད་ནི་ཁམས་རྒན་ཚོ་ལ་བསྟུན་ཤེས་བྱོས།།
ད་ནི་རྒྱ་ཡི་ལག་ནས་ཐར་ཐབས་བྱོས།།