སྤྱི་འཐུས་ཀྱི་འོས་མི་ཉི་ཤུ་གྲ་སྒྲིག་བྱེད་རྒྱུ་ཡིན།
ཕྱི་ཟླ་ ༦ ཚེས་༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་ཕྱེད་ཐོག་ཧོན་སོར་རབ་རྒྱས་གླིང་མི་མང་ཚོགས་ཁང་དུ། ས་གནས་མདོ་སྟོད་ཆུ་སྒང་ཚོགས་པའི་གོ་སྒྲིག་འོག མདོ་སྟོད་མི་མང་བརྒྱ་ལྷག་ཅིག་བསྡུ་སྐོང་གིས་ལོ་རྗེས་མའི་བཀའ་ཁྲི་དང་སྤྱི་འཐུས་འདེམས་བསྐོའི་སྐོར་དང་། ད་ལྟའི་མདོ་ཁམས་ཆུ་སྒང་གི་གནས་བབས་བཅས་ཀྱི་ཐོག་བགྲོ་གླེང་ཞིག་བྱས་ཡོད་པ་རེད། བགྲོ་གླེང་དེའི་གཙོ་སྐྱོང་བ་ས་གནས་ཆུ་སྒང་ཚོགས་གཙོ་ཟླ་བ་སྒྲོལ་མ་ཡིན་པ་དང་། གཏམ་བཤད་པ་དབུས་ཆུ་སྒང་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་ཚོགས་གཞོན་སྨར་ཁམས་ཆོས་འཕེལ། རྒྱུན་ལས་ཨ་རྡོ་བཅས་རེད། སྐབས་དེར་ཚོགས་གཙོ་དགེ་བཤེས་གཡང་དྲུང་རྒྱལ་མཚན་ལགས་ཀྱིས་ད་ལྟའི་ཆུ་སྒང་ནི་འདས་པའི་བོད་ཀྱི་དཀའ་ཁག་ཛ་དྲག་གི་སྐབས་སུ་ཨ་འབྲུག་མགོན་པོ་བཀྲ་ཤིས་ལགས་ཀྱིས་དབུ་ཁྲིད་འོག་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་དབུ་བརྙེས་པ་དང་། དཀའ་སྡུག་མང་པོ་བརྒྱུད་དེ་བསྟན་སྲིད་ཀྱི་ཆེད་དུ་བྱེས་རྗེས་རླབས་ཆེན་བཞག་ཡོད་པ་དང་། སྐབས་ཤིག་འགལ་རྐྱེན་མང་པོའི་དབང་གིས་གླེང་རྒྱུ་མང་པོ་བྱུང་ཡང་། དེང་སྐབས་མདོ་སྟོད་རྒྱ་ཆེའི་མི་མང་གིས་འོས་བསྡུ་བྱས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གཅིག་ཏུ་བསྒྲིལ་བའི་ཚོགས་པ་འདི་སྔོན་གྱི་ཆུ་སྒང་དཔའ་བོ་ཕོ་མོ་རྣམས་ཀྱི་བྱས་པ་རྗེས་མེད་དུ་མ་སོང་བ་དང། ༸རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་མཛད་འཕྲིན་རྒྱས་ཐབས་སུ་ཕྱར་གྲུ་མཉམ་འདེགས་ཞུ་མཁན་གྱི་སྒྲིག་འཛུགས་ཚད་ལྡན་ཞིག་ཆགས་ཡོད་ཅེས་བཤད་ཡོད་པ་དང་། དེ་བཞིན་ཚོགས་གཞོན་ཆོས་འཕེལ་ལགས་ཀྱིས་”ང་ཚོ་དབུས་ནས་མདོ་སྟོད་སྤྱི་འཐུས་འོས་མིག་ཉི་ཤུ་འགྲེམས་སྤེལ་བྱེད་རྒྱུ་ཡིན། རྣམ་པ་ཚོས་དེ་དག་ལས་འདོད་མོས་ཡོད་ས་ལ་འོས་འཕེན་རྒྱུ་དང་། འདོད་མོས་མེད་ན་དེ་ལས་གཞན་པར་འོས་འཕེན་དགོས་ཀྱི་རེད། གང་ལྟར་མདོ་སྟོད་ཀྱི་སྤྱི་འཐུས་ཚད་ལྡན་ཞིག་འདེམས་བསྐོ་བྱེད་རྒྱུ་ཐུགས་བསམ་བཞེས་དགོས་པ་རེད།”ཅེས་བཤད། དབུས་རྒྱུན་ལས་ཨ་རྡོ་ལགས་ཀྱིས་ཆུ་སྒང་གི་བྱུང་རབ་ནས་གླེང་སྟེ་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུའི་གལ་ཆེའི་རང་བཞིན་སྐོར་ལ་བཏམ་བཤད་སྤེལ་རྗེས་མི་མང་གིས་དོགས་འདྲི་དང་། བསམ་ཚུལ། རེ་སྐུལ་སོགས་བྱས་སོང་། མེ་སོར་གསར་འགོས་པས་ཧོན་སོར་རབ་རྒྱས་གླིང་ནས།