སྤྲུལ་སྐུའི་སྐུ་གཟུགས་སྐྱོ་བོ་ཆགས་འདུག
འོན་ཀྱང་སྤུན་མཆེད་དང་འབྲེལ་ཡོད་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན་ནའང། ཉེ་བའི་ཆར་ཁོང་གི་སྤུན་མཆེད་གཉིས་ལ་ཐུག་འཕྲད་བྱེད་བཅུག་པ་དང། གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་སྙིང་གི་ན་ཚ་དང། ཁྲག་ཤུགས་ཆེ་བའི་ན་ཚ་ཡོད་པས། གཟུགས་པོ་སྐྱོ་བོ་ཆགས་ཡོད་སྐོར་བརྗོད་འདུག
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་གྲོལ་དགོས་སྐོར་བོད་ནང་གི་ས་གནས་མི་མང་གིས་རྒྱ་ནག་གཞུང་ལ་རེ་སྐུལ་ཐེངས་མང་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་པ་དང། དེ་བཞིན་བོད་མི་སྐྱབས་བཅོལ་བའི་ནང་ནས་ཀྱང་སྤྲུལ་གློད་གྲོལ་ཡོང་ཆེད་དུ་ལས་འགུལ་འདྲ་མིན་སྤེལ་བ་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཚོགས་སྡེ་ཁག་ཅིག་གིས་ཁོང་གློད་གྲོལ་དགོས་པའི་འབོད་སྐུལ་སྣ་ཚོགས་བྱས་ཡོད་ནའང། རྒྱ་ནག་གིས་ཉན་འཇོག་ཙམ་ཡང་བྱས་མེད་པ་རེད། ད་ལྟའང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ངོས་ནས་སྤྲུལ་སྐུ་གློད་གྲོལ་དགོས་པའི་མཚན་རྟགས་བསྡུ་རུབ་དྲ་རྒྱ་བརྒྱུད་ནས་བྱེད་ཀྱི་ཡོད་པ་རེད།
སྤྲུལ་བསྟན་འཛིན་བདེ་ལེགས་ནི་མི་མང་དད་གུས་ཆེན་པོ་བྱེད་སའི་བླ་མ་ཞིག་ཡིན་པས། ཁོང་གིས་དེ་སྔོན་མང་ཚོགས་ཀྱི་བདེ་སྡུག་དང། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་ལས་དོན་གང་མང་བྱས་ཡོད་པ་རེད། ཁོང་ལ་རྒྱ་ནག་གཞུང་གིས་དོགས་པ་བྱས་ཏེ། སུན་བཙེར་སྣ་ཚོགས་བཟོས་པ་དང། མཐའ་མར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད། །