སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཆེད་དུ་མྱུར་འཕྲིན་གཏོང་བའི་ལས་འགུལ་སྤེལ་ རྒྱུ།
གློག་ཀླད་ཀྱི་མྱུར་འཕྲིན་སྙན་ཞུ་དག་ནི་རྒྱ་གཞུང་གི་ཆབ་སྲིད་ལྷན་ཁང་གི་དབུས་རྒྱུན་དང། སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཀྲའོ་ཡུང་ཁང་ལ་གཏོང་རྒྱུ་ཡིན་པ་དང། ཕྱི་ལོ་༢༠༠༩ ལོར་བོད་ནང་དུ་ལི་ཐང་མི་མང་གིས་ཁྲག་གི་ཡི་གེ་བྲིས་ནས་མི་མང་གི་ས་ཡིག་བསྡུ་རུབ་བྱས་པའི་སྙན་ཞུ་ཁྲི་བཞི་ལྷག་ཙམ་ཞིག་ལི་ཐང་རྫོང་གི་རྒྱ་གཞུང་དཔོན་རིགས་ལ་སྤྲད་ཡོད་པར་བརྟེན། བཙན་བྱོལ་ནང་ནས་ཀྱང་དེ་སྔོན་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ནས་ད་བར་ས་ཡིག་ཁྲི་བཞི་ལྷག་བསྡུ་རུབ་བྱས་ཡོད་པ་རེད།
སང་ཉིན་ཚེས་༡༦ ཉིན་མི་མང་རྣམས་དྷ་ས་མེག་གྷན་ཁྲོམ་གཞུང་དུ་འཛོམས་ནས། དེར་མྱུར་འཕྲིན་གཏོང་ས་ཁག་ཏུ་འགྲོ་སོང་གཏོང་དགོས་ཀྱི་ཡོད་པས་དེ་ཚོ་ལ་ཞལ་འདེབས་སྤྲད་ཀྱང་འགྲིག་པ་དང། སྤྱིར་མི་མང་རྣམས་མཉམ་དུ་འཛོམས་པ་ཙམ་གྱིས་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་གྱི་ཡོད་པས་མི་མང་གང་མང་ཕེབས་ཐུབ་ན་ཡག་པོ་ཡོད་ལུགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་གྱི་འགན་ཁུར་བ་བསྟན་འཛིན་ཆོས་དབྱིངས་ཀྱིས་ནོར་ཝེ་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།།