ཀརྨ་བསམ་འགྲུབ་གློད་གྲོལ་གཏོང་དགོས།

ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་པ། དེ་བཞིན་༢༠༠༩ ལོར་འཛིན་བཟུང་བྱས་པའི་ཁོང་གི་སྤུན་མཆེད་གཉིས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

ཀརྨ་བསམ་འགྲུབ་ནི་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ནས་ཡིན་པ་དང། ཁོང་གིས་དུས་རྒྱུན་ནས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང། གནའ་རྫས་རྙིང་པ་གཅེས་ཉར་བྱེད་པ་སོགས་བོད་མི་རིགས་ཀྱི་གནས་སྟངས་ལ་འགན་ལེན་བྱེད་མཁན་ཞིག་ཡིན་པ་དང། ཕྱི་ལོ་༢༠༠༠ ལོར་ཨ་ཆེན་གངས་རྒྱབ་དང། རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དུ་གཏེར་ཁ་སྔོག་འདོན་དང།karmasamdup_2 རི་སྐྱེས་སྲོག་ཆགས་རྩ་སྟོང་དུ་འགྲོ་བའི་ཉེན་ཁར་དམིགས་ནས་དང་བླངས་ངང་“རྨ་འབྲི་རྫ་གསུམ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་”གསར་དུ་བཙུགས་ཏེ། རིམ་བཞིན་ཚོགས་པ་དེ་རྒྱ་སྐྱེད་བཏང་ནས་བོད་ཀྱི་གནའ་རྫས་རྙིང་པ་བསྡུ་རུབ་གཅེས་ཉར་དང། བྲག་རྐོས་རི་མོ་སོགས་ལ་ཉམས་ཞིབ་བྱས་ཏེ་སྲུང་སྐྱོབ་ཀྱི་ལས་ཀ་བྱས་པས་འཛམ་གླིང་ནང་གི་བོད་ཀྱི་གནའ་ཤུལ་གཅེས་ཉར་བྱེད་མཁན་མང་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་རེད། ད་བར་ཁོང་གིས་བོད་རང་སྐྱོང་ལྗོངས་ཐེན་ཀྲུའུ་རིག་གནས་ཁྱབ་སྤེལ་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་ཁུར་བ་དང། མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་གཞོན། བོད་སྐྱོར་ཐེབས་རྩ་ཁང་ཀོང་ཏུང་གྲོང་ཁྱེར་ཡན་ལག་ཁང་གི་འགན་འཛིན་གཞོན་པ་བཅས་ཀྱི་འགན་ཁུར་ཏེ་༢༠༠༢ ལོར་རྒྱ་ནག་ཁོར་ཡུག་སྡེ་ཚན་གྱི་གོ་ལའི་མཛའ་གྲོགས་ཞེས་པའི་བྱ་དགའ་དང། ༢༠༠༨ ལོར་དཔེ་སྟོན་ཁེ་ལས་ཀྱི་བྱ་དགའ། ༢༠༠༧ ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་འཁོར་དཔལ་འབྱོར་གྲགས་ཅན་མི་སྣའི་བྱ་དགའ་སོགས་ཐོབ་སྟེ། བོད་ཀྱི་གྲགས་ཅན་ཁེ་ལས་ཚོང་པ་དང་ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་ཞིག་ཆགས་ཡོད་པ་རེད།

འོན་ཀྱང་ལོ་འདིའི་ཕྱི་ཟླ་༡ པོའི་ཚེས་༡༠ ཉིན་རྒྱ་ནག་ཁྲེན་ཏུའུ་གྲོང་ཁྱེར་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཤིན་ཅང་གི་ས་གནས་ཁྲིམས་ཁང་ཞིག་ཏུ་བསྐྱལ་ཡོད་པ་དང། ཕྱི་ཟླ་༦ པའི་ཚེས་༡ ཉིན་སླར་ཡང་དེ་སྔའི་ཉེས་པ་རང་འཇགས་བཙུགས་ནས་ཁྲིམས་བཤེར་བྱེད་རྩིས་བྱས་ཀྱང། སྐབས་དེར་རྒྱུ་མཚན་གང་ཡང་བགྲང་རྒྱུ་མེད་པར་དུས་ཚོད་ངེས་མེད་དུ་ཕྱིར་འགྱངས་བྱས་ཡོད་པ་རེད། སྤྱིར་དེ་སྔོན་༡༩༩༨ ལོར་ཁོང་ལ་དུར་ས་བསྔོགས་པ་དང་རྐུ་འཁྱེར་བྱས་པའི་ཉེས་མིང་བཀལ་ཡོད་ཀྱང་རྗེས་སུ་ནག་ཉེས་ཕྱིར་འཐེན་བྱས་ཡོད་པ་རེད། ཁོང་འཛིན་བཟུང་བྱས་ནས་ད་བར་ཟླ་༥ ཙམ་རིང་ཁྲིམས་རྩོད་པ་གཙོས་པའི་མི་སྣ་སུ་གཅིག་ཀྱང་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། ཁོང་ལ་ཁྲིམས་གཏུགས་བྱེད་པའི་སྔ་ནུབ་མ་གཏོགས་

ཁྲིམས་རྩོད་པ་ཐུག་བཅུག་མེད་པ་དང། ཐུག་པའི་དུས་ཚོད་ཀྱང་སྐར་མ་༣༠ མ་གཏོགས་སྤྲད་མེད་པ་རེད། མཐར་གློ་བུར་དུས་ཚོད་ངེས་མེད་བར་འཕར་འགྱངས་བྱས་ཡོད་པ་རེད།

གནས་ཚུལ་དཔྱད་བརྗོད་པ་ཚོས་རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་དང། ཚོང་ལས་གཉེར་མཁན་གྱི་མི་སྣ་སྐད་གྲགས་ཅན་ཞིག་གློ་བུར་དུ་བཙོན་འཇུག་བྱས་པ་ནི། དོན་དངོས་ཀྱི་གནས་ཚུལ་དང་མི་འཚམས་པ་མ་ཟད། ཉེས་པ་གང་ཡིན་ར་སྤྲོད་གསལ་པོ་མེད་པ་སོགས་ལ་བརྟེན། རྒྱ་ནག་གཞུང་གི་བྱེད་སྟངས་དེ་ཚད་ལྡན་ཞིག་མིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། འཇུ་བཟུང་བྱས་པའི་ཁོང་གི་སྤུན་མཆེད་གཉིས་ཀྱང་དེ་བཞིན་སྤྱི་ཚོགས་ཞབས་ཞུ་བ་དང། ཚོང་ལས་གཉེར་མཁན་ཞིག་ཡིན་པ་ལས། ཁྲིམས་འགལ་གྱི་ནག་ཉེས་གང་ཡང་བསགས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།