ས་སྐྱ་༧གོང་མ་མཆོག་གི་ཡུ་རོབ་ཁུལ་གྱི་མཛད་འཕྲིན།
ཁུལ་དེར་ཉིན་གྲངས་༡༡ རིང་མང་ཚོགས་ལ་བཀའ་སློབ་དང་གསུང་ཆོས་སོགས་ཀྱི་མཛད་རིམ་རྣམས་ལེགས་པར་གྲུབ་ནས། ཕྱི་ཟླ་༦ ཚེས་༡ ལ་དབྱིན་ཡུལ་དུ་ཞབས་སོར་འཁོད་ནས་ད་བར་དབྱིན་ཡུལ་གྱི་གྲོང་ཁྱེར་ཁག་གསུམ་ཙམ་ལ་མཛད་ཕྲིན་སྐྱོང་བཞིན་ཡོད་འདུག དེ་ཡང་ཕྱི་ཚེས་༡༡ དང་༡༢ བཅས་ཉིན་གྲངས་༢ རིང་བོད་ཀྱི་དགེ་རྩ་ཚོགས་པའི་གོོ་སྒྲིག་འོག་ལོན་ཌོན་དུ་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ་གནང་རྒྱུའི་མཛད་རིམ་བསྐྱངས་ཡོད་པ་རེད། སྐབས་དེར་བོད་རིགས་རྣམས་ལ་དམིགས་གསལ་གྱི་བཀའ་སློབ་བསྩལ་དོན། བོད་མི་རྣམས་ཀྱིས་ཡ་རབས་ཚུལ་ལྡན་གྱི་སྤྱོད་ལམ་གནང་དགོས་པ་དང་། བོད་པའི་རིག་གཞུང་དང་སྐད་ཡིག་སོགས་ལ་ཐུགས་སྣང་གནང་དགོས་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་རྣམས་ལག་ལེན་བསྟར་དགོས་པ་དང་རྒྱུན་དུ་བོད་མི་རྣམས་ཀྱིས་བོད་དོན་ལས་འགུལ་གང་འདྲ་ཞིག་ཡིན་ནའང་བོད་མི་ཚང་མ་མཉམ་ཞུགས་དགོས་ཞེས་ལམ་སྟོན་ཡང་གནང་འདུག
སྐབས་དེར་བོད་དོན་དྲིལ་བསྒྲགས་ཀྱི་ཆེད་སྦག་སྦག་སྐོར་བསྐྱོད་པ་ལྷག་པ་ལགས་ལ་དམིགས་གསལ་ཟུར་མཇལ་དང་ཐུགས་དགྱེས་བརྩེ་ཆེན་པོས་བཀའ་སློབ་དང་མཇལ་དར་བཅས་བསྩལ་གནང་འདུག ཁུལ་དེར་ཡོད་པའི་བདེ་ཆེན་ཆོས་ཚོགས་གླིང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཁ་སང་ཕྱི་ཚེས་༡༣ ཉིན་ཞེན་པ་བཞི་བྲལ་སོགས་ཀྱི་ཆོས་འབྲེལ་དང་ཕྱི་ཚེས་༡༤ དང་༡༥ གཉིས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དངོས་གཞི་དང་སྟ་གོན་གནང་རྒྱུ་རེད་འདུག དབྱིན་ཡུལ་ཁུལ་གྱི་མཛད་རིམ་གྲུབ་རྗེས་ཕྱི་ཚེས་༡༧ ཉིན་ཧོ་ལན་ཌི་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་མུ་མཐུད་ཕེབས་འཆར་ཡོད་འདུག།།
གནས་ཚུལ་འཁོ་གཏོང་བ་སྤུ་རུ་ཝ་ལ་མ་དགོན་བཤད་གྲྭ་ནས་དགྲ་བཅོམ་པ་ཆོས་སྐྱབས་ཀྱིས།