རྒྱལ་མཚན་ནོར་བུས་ཆོས་གནང་བ་ཐོག་མ་ཡིན་ཟེར།

ད་ལྟའི་བོད་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཡོད་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་དུ། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཁྲི་ལ་བཀོད་པའི་རྒྱལ་མཚན་ནོར་བུས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་གསུང་འབུམ་《ལམ་གཙོ་རྣམ་གསུམ》 གྱི་ནང་དོན་འགྲེལ་ནས་ཆོས་བཤད་བྱས་ཡོད་པ་རེད།

སྤྱིར་རྒྱལ་མཚན་ནོར་བུ་ལ་རྒྱ་གཞུང་གིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཞེས་པའི་གོ་མིང་བཏགས་ནས། ད་བར་བོད་ཀྱི་ས་ཆ་མང་པོར་ལྟ་སྐོར་དུ་བསྐྱོད་ཅིང་མི་མང་ལ་གཏམ་བཤད་དང། ཕྱག་དབང་གནང་བ་སོགས་བྱས་ཡོད་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་དྲུང་ཆེ་ཀྲང་ཆི་ལི་སོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་ཡག་པོ་ཡིན་སྐོར་བསྟོད་བསྔགས་བཏང་ཡོད་པ་རེད།

ད་ཐེངས་ཀྱི་《ལམ་གཙོ་རྣམ་གསུམ》 གྱི་ནང་དོན་འགྲེལ་བཤད་བྱས་ནས་ཆོས་གནང་བ་ནི། ཕྱི་ལོ་༡༩༩༥ ལོར་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་ཁྲི་ལ་བཀོད་པའི་རྗེས་ཀྱི་མི་མང་ལ་ཆོས་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད།

རྒྱ་གཞུང་གིས་ད་ལྟའི་ཆར་རྒྱལ་མཚན་ནོར་བུ་བེད་སྤྱོད་ཇི་ཙམ་བཏང་ཡང། ཆོས་ཁས་མི་ལེན་པའམ་དུག་ཏུ་ལྟ་བའི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་བླ་ཆེན་ཞིག་གི་སྤྲུལ་སྐུ་ངོས་འཛིན་བྱས་ནས་ཁྲི་ལ་བཀོད་པ་ནི། མིག་དང་རྣ་བ་ཡོད་པའི་སྐྱེ་འགྲོ་སུ་ཞིག་གིས་མཐོང་ཐོས་སུ་གྱུར་ཀྱང་གད་མོ་ཤོར་བའི་གནས་ཤིག་ལས། ཡིད་ཆེས་དང་བློ་གཏད་ཆོག་པ་ཞིག་མིན་པ་ནི་འཇིག་རྟེན་ཡོངས་གྲགས་ཀྱི་གནས་ལུགས་ཤིག་ཏུ་གྱུར་ཡོད།།