དུས་གཅིག་ཏུ་ཁེལ་བའི་འོས་བསྡུ་ཆེན་མོ་གཉིས།

ཟླ་འདིའི་ཕྱི་ཚེས་༡༠ ཉིན་བཙན་བྱོལ་བོད་མིའི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་དང།  འགན་འཛིན་ལས་འཕར་བཅུད་པར་གཡང་མཁོ་རྒྱལ། འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་བཅས་ཀྱིས་འོས་བསྡུ་ཆེན་མོ་ཁག་གཉིས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པ་དང། མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་ཀ་དུས་མཉམ་དུ་བྱ་རྒྱུ་གཏན་ཁེལ་བྱུང་ཡོད་ཅིང། སྔོན་འགྲོའི་འོས་བསྡུ་ཕྱི་ལོ་༢༠༡༠ ལོའི་ཟླ་༡༠ པའི་ཚེས་༣ ཉིན་དང། དངོས་གཞིའི་འོས་བསྡུ་དེ་ཕྱི་ལོ་༢༠༡༡ ཟླ་༣ ཚེས་༢༠ བོད་ཀྱི་ལོ་གསར་གྲུབ་ནས་ཉིན་བཅོ་ལྔའི་རྗེས་སུ་གཏན་འཁེལ་གནང་ཡོད་པ་དང།  སྔོན་འགྲོ་དང་དངོས་གཞི་གཉིས་ཀ་རེས་གཟའ་ཉི་མ་དང་སྟབས་བསྟུན་གནང་ཡོད་པ་རེད། ཧ་ཅང་གལ་ཆེ་བའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་དུས་ཚེས་གཏན་འབེབས་གནང་ཕྱོགས་ནི་བཙན་བྱོལ་བོད་པའི་མང་གཙོའི་འཕེལ་རིམ་དང་། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་མང་གཙོ་ཚད་ལྡན་མིན་ཚུལ་གྱི་འཁྱོག་བཤད་བྱེད་བཞིན་པ་ཁག་ལ་དོན་གྱིས་ལན་འདེབས་གལ་ཆེན་ཞིག་ཏུའང་འགྱུར་ཐུབ་པ་བྱེད་དགོས་པ་རེད།

སྔོན་འགྲོའི་འོས་བསྡུའི་དུས་ཚེས་ལ་མཚོན་ན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་དུ་མི་མང་ཆེ་བ་དགུན་དུས་བལ་གོས་ཚོང་ལས་ཀྱི་དུས་ཚོད་དང་འཁེལ་ཡོད་སྟབས། འོས་ཤོག་བླུག་པའི་སྐབས་དྭང་བླངས་དཔྱ་ཁྲལ་ལག་དེབ་མཉམ་འཁྱེར་དགོས་པ་ཧ་ཅང་གལ་ཆེ་ནའང། བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་ཕྱི་ཕྱོགས་སུ་འགྲོ་བའི་སྐབས་དཔྱ་ཁྲལ་ལག་དེབ་མཉམ་ཁྱེར་བྱ་རྒྱུའི་གོམས་གཤིས་མེད་སྟབས་རང་བཞིན་གྱིས་འོས་བསྡུའི་ཆ་ཤས་ལེན་མཁན་ཉུང་དུ་འགྲོ་རྒྱུ་ཡིན་པ་གཏན་ཁེལ་བ་ཞིག་རེད། གལ་སྲིད་དང་བླངས་དཔྱ་ཁྲལ་ལག་དེབ་མཉམ་འཁྱེར་བྱས་ཡོད་པའི་དབང་དུ་བཏང་ཡང། ཕྱི་ཟླ་༩ ཟླ་མཇུག་དང་༡༠ པའི་ཚེས་ཤར་དེ་བལ་གོས་ཚོང་པ་རྣམས་ཚོང་ཟོག་བླངས་ནས་ས་གནས་སོ་སོར་ཕན་ཚུན་འགྲུལ་བཞུད་ཀྱི་དུས་སྐབས་སུ་འཁེལ་ཡོད་པས་ཆ་ཤས་ལེན་འདོད་ཡོད་མཁན་ཚོས་ཀྱང། སྟབས་བདེ་མིན་གྱི་དབང་གིས་ཆ་ཤས་ལེན་རྒྱུར་དཀའ་ངལ་འཕྲད་ངེས་ཡིན་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། རབ་བྱུང་ན་སྔོན་འགྲོའི་འོས་བསྡུ་ནི་ཕྱི་ཟླ་༨ པའི་ཟླ་མཇུག་དང་དགུ་པའི་ཚེས་ཤར་ནི་དུས་ཚོད་ཡག་ཤོས་ཡིན་པ་དང། གལ་སྲིད་ཕྱི་ཟླ་༡༡ པའི་ནང་ལྟ་བུ་ཡིན་ན་བལ་གོས་ཚོང་པ་རྣམས་ས་གནས་སོ་སོར་ཁྲོམ་སྟོན་རྒྱུ་དང་སྡོད་གནས་སོགས་གཏན་འཇགས་ལྟ་བུར་གྱུར་ཟིན་པས། དང་བླངས་དཔྱ་ཁྲལ་ལག་དེབ་མཉམ་འཁྱེར་ཡོད་མཁན་རྣམས་ཀྱིས་ཆ་ཤས་ལེན་རྒྱུར་ཅུང་སྟབས་བདེ་པོ་ཡོད་པ་རེད། དངོས་གཞིའི་དུས་ཚོད་ལ་མཚོན་ན་བོད་ཟླ་དང་པོའི་ཚེས་༡༦ ཉིན་དགེ་ལྡན་པའི་གདན་ས་ཆེ་ཁག་རྣམས་ཀྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བྱམས་པ་གདན་འདྲེན་གྱི་ཉིན་མོར་ཁེལ་ཡོད་པ་འདིས་ཀྱང་འོས་ཤོག་བླུག་རྒྱུ་ལ་སྟབས་བདེ་མིན་གྱི་དཀའ་ངལ་རང་བཞིན་གྱིས་ཡོང་སྲིད་པ་ཞིག་རེད། ད་དུང་དྷ་རམ་ས་ལས་གཙོས་པའི་སྒྲིག་འཛུགས་ཁག་ལ་མཚོན་ན་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་རེས་གཟའ་ཉི་མའི་གུང་སེང་དང་ཁེལ་བས། རང་དོན་རང་གཅེས་བྱེད་མཁན་རྣམས་ལས་དུས་རྒྱུན་དོ་སྣང་མེད་མཁན་རྣམས་ལ་ཤུགས་རྐྱེན་ཐེབས་ངེས་པ་ཞིག་རེད། གང་ལྟར་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་གཏན་འཁེལ་གནང་ཟིན་པས་དུས་ཚོད་ལ་འགྱུར་བ་གཏོང་མི་སྲིད་ཀྱང་། དེ་ལུགས་མི་མང་ལ་ཁྱབ་བསྒྲགས་དང་ལམ་སྟོན་མ་འཕྱུག་པ་གནང་དགོས་པ་ལས། འོས་ཤོག་བླུག་རྒྱུ་དེ་མི་མང་གི་ཐོབ་ཐང་དང་འགན་ཁུར་གཉིས་ཀ་ཡིན་ཚུལ་ལྟ་གྲུབ་ཀྱི་སྐད་ཆ་རྫིག་པོ་ཞིག་དང། མི་མང་གིས་དོ་སྣང་མ་བྱས་པ་མི་མང་རང་གི་ནོར་འཁྲུལ་ཡིན་ཚུལ་གྱིས་ཁག་དཀྲི་ས་མི་མང་ལ་གནང་བ་ཙམ་གྱིས་མི་ཕན་པར། ལྷ་རབ་བྱུང་ན་མི་མང་ལ་སྟབས་བདེ་གང་མང་བསྐྲུན་དགོས་པ་དང་འོས་བསྡུ་ཆེན་མོ་གཉིས་ལ་ཆ་ཤས་ལེན་མཁན་གང་མང་ཡོང་ཐབས་སུ་དྲིལ་བསྒྲགས་ཀྱི་ལས་དོན་ཤུགས་ཆེ་སྤེལ་དགོས་པ་ནི་དབུས་ས་གཉིས་ཀྱི་འོས་བསྡུ་ལས་ཁང་ཁག་གི་འགན་ཁུར་ཆེ་ཤོས་སུ་གྱུར་ཡོད།།