དུས་ཐོག་ལ་འོས་བསྡུའི་དེབ་སྐྱེལ་བྱེད་མི་ཐུབ་པའི་དཀའ་ངལ།

ཟླ་འདིའི་ཚེས་༡༨ ཉིན་དབུས་འོས་བསྡུ་ལས་ཁང་ནས་གཏན་ཁེལ་བྱས་པའི་འོས་བསྡུའི་དེབ་སྐྱེལ་འགོ་འཛུགས་ཀྱི་དུས་ཚོད་དང་འཁེལ་ཡོད་པར་བརྟེན། ས་གནས་ཀྱི་མི་མང་དང་དགེ་འདུན་པ་ཚོས་འོས་སྡུའི་དེབ་སྐྱེལ་བྱེད་ཕྱོགས་སྐོར་ཁ་པར་བརྒྱུད་ང་ལ་སྐད་ཆ་འདྲི་མཁན་བྱུང་སོང་ལ། དངོས་སུ་ང་ལ་ཐུག་ནས་དེའི་སྐོར་རྒྱུས་ལོན་ཡང་བྱེད་མཁན་ཡོང་གི་འདུག དེར་བརྟེན་ཕྲན་ཀྱིས་ས་གནས་འོས་བསྡུའི་དེབ་སྐྱེལ་བྱེད་ཕྱོགས་གང་འདྲ་ཡིན་མིན་སྐོར་ལུགས་བསམ་གཞིས་ལས་ཁང་དུ་སྐད་ཆ་དྲི་སར་ཕྱིན་ནས་ས་གནས་འགོ་འཛིན་དགྲ་འདུལ་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་“ས་གནས་འོས་བསྡུ་ཚོགས་ཆུང་གི་ལས་རྒྱུན་གཅིག་ཕྱི་ཟླ་ ༧ པའི་ཚེས་ ༡༥ ལ་རྫོགས་འགྲོ་ཡི་ཡོད་པ་རེད། དེ་ནས་འོས་བསྡུ་ཚོགས་ཆུང་གསར་པ་འདེམས་བསྐོ་བྱེད་དགོས་པ་ཡིན་པས་གཞུང་ལ་ཡར་ཡི་གེ་ཞིག་བཏང་ཡོད། ད་དུང་གཞུང་གི་བཀའ་བསྒུག་ནས་བསྡད་ཡོད། ཟླ་འདིའི་ཟླ་མཇུག་ས་གནས་འགོ་འཛིན་འཕོ་འགྱུར་འགྲོ་རྒྱུ་དང་ཡང་འཁེལ་ཡོད་པས་ང་ཚོ་བྲེལ་བ་ཆེན་པོ་ཆགས་ཀྱི་འདུག་”ཅེས་བརྗོད་སོང་།

དེ་བཞིན་བདེ་སླར་གཞིས་ཆགས་སུ་ཡང་ཟླ་འདིའི་ཚེས་ ༢༠ རྗེས་སུ་འོས་བསྡུ་ཚོགས་ཆུང་གསར་པ་འོས་བསྡུ་བྱེད་ཀྱི་ཡོད་པ་རེད་འདུག དེར་བརྟེན་གཞུང་གིས་དམིགས་བསལ་ལམ་སྟོན་དང་བཀའ་ཡིག་རེ་འབྱོར་གྱི་མེད་ན། སྦེལ་ཀོབ་ས་གནས་འོས་བསྡུའི་དེབ་སྐྱེལ་དེ་ཉུང་མཐར་ཡང་ཟླ་ཕྱེད་ལྷག་རྗེས་ལུས་ཐེབས་རྒྱུ་རེད་འདུག སྤྱིར་བཏང་ནས་ད་ལོའི་སྔོན་འགྲོའི་འོས་བསྡུའི་དུས་ཚོད་དེ་ལྷོ་ཕྱོགས་བོད་མའི་གཞིས་ཆགས་ཁག་གི་དུས་ཚོད་ཀྱི་གནས་བབས་དང་འཚམས་པོ་གཏན་ནས་ཆགས་མེད་པར་བརྟེན། འོས་བསྡུའི་དེབ་སྐྱེལ་དུས་ཐོག་ཏུ་བྱས་ཀྱང་སྔོན་འགྲོའི་འོས་འདེམས་དེ་ཆ་ཚང་ཞིག་ཡོང་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། ཕྱི་ཟླ་ ༩ ཚེས་ ༡༥ ནས་ལོ་སར་ཁ་མཚམས་བར་དུ་གཞིས་ཆགས་བོད་མི་རྣམས་བལ་གོས་ཚོང་བསྐྱོད་བྱེད་པའི་དུས་ཚོད་དང་ཏག་ཏག་ཐུག་ཡོད་པས་རེད་ལ། དུས་ཚོད་དེའི་ནང་ང་ཚོས་ལོ་གཅིག་གི་ལྟོ་གོས་ཀྱིས་མ་རྩ་མཁོ་སྒྲུབ་བྱེད་དགོས་པར་བརྟེན། འོས་བསྡུའི་ལས་དོན་དེ་སེམས་ལ་ཉར་ཐུབ་ཀྱི་མ་རེད། དབུས་འོས་བསྡུ་ལས་ཁུངས་ཀྱིས་ས་གནས་མི་མང་ལ་འབྲེལ་བ་བྱས་ནས་དུས་ཚོད་ཀྱི་གནས་བབས་ཞིབ་འཇུག་མ་བྱས་པ་ཡིད་ཚོད་འདུག་པས་ང་ཚོ་བློ་ཕམ་བྱུང་ཞེས་ཟླ་འདིའི་ཚེས་ ༡༧ བོད་ཀྱི་གྲོས་ཚོགས་སྲིད་བྱུས་ཉམས་ཞིབ་ཁང་དང་གཉའ་ཁྲི་དཔེ་མཛོད་ཁང་གཉིས་ཀྱི་ཟབ་སྦྱོང་སྐབས་བསམ་ཚུལ་འདོན་མཁན་ཡང་མང་པོ་བྱུང་སོང་། ཁོང་ཚོས་དབུས་འོས་བསྡུ་ལས་ཁང་གི་དུས་ཚོད་ལ་འགྱུར་བ་གཏོང་ཐབས་ཀྱི་ཐུགས་བཞེས་གནང་དགོས་ཀྱི་འདུག་ཅེས་སམས་ཚུལ་བརྗོད་སོང་། མེ་སོར་གསར་འགོད་པས།