འོས་བསྡུའི་དེབ་སྐྱེལ་གང་མགྱོགས་འགོ་འཛུགས་དགོས།
བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་འདི་ལོའི་ཕྱི་ཟླ་༡༠ ཚེས་༣ དང་དངོས་གཞི་༢༠༡༡ ལོའི་ཕྱི་ཟླ་༣ ཚེས་༢༠ ལ་ཁེལ་ཡོད་པ་དང། འོས་བསྡུའི་དེབ་སྐྱེལ་བྱེད་རྒྱུ་ཟླ་འདིའི་ཚེས་༡༨ ནས་འགོ་འཛུགས་བྱས་ཡོད་ནའང། ས་གནས་ཁག་ཅིག་ཏུ་ད་དུང་དེབ་སྐྱེལ་འགོ་འཛུགས་མ་ཐུབ་པའི་དཀའ་ངལ་བྱུང་ཡོད་པ་རེད།
གནས་ཚུལ་དེའི་སྐོར་ཟླ་འདིའི་ཚེས་༡༩ ཉིན་དབུས་བསྡུའི་ལས་ཁང་དུ་བོད་རྒྱལ་ཡོངས་འོས་བསྡུའི་ཆེན་མོར་འོས་ཤོག་བླུགས་ཆོག་པའི་དེབ་སྐྱེལ་བྱེད་ས་ག་འདྲ་ཡོད་མེད་བཅར་འདྲི་བྱས་པར། འོས་བསྡུའི་འགན་འཛིན་ལས་འཕར་རིག་འཛིན་ཆོས་གྲངས་ལགས་ཀྱིས། “ས་གནས་སོ་སོར་འོས་བསྡུ་ལས་ཁང་རེ་བཙུགས་ཡོད་པས། དེར་འོས་བསྡུའི་དེབ་སྐྱེལ་བྱེད་དགོས་པ་རེད། སྔོན་མ་འོས་བསྡུའི་དེབ་སྐྱེལ་བྱས་ཡོད་མཁན་ཡིན་ན། བསྐྱར་དུ་དེབ་སྐྱེལ་དགོས་པ་མ་རེད། ད་སྔོན་དེབ་སྐྱེལ་བྱེད་མ་མྱོང་མཁན་ཚོས་དེབ་སྐྱེལ་དགོས་པ་དང། མང་གཙོའི་སྤྱི་ཚོགས་ཚང་མའི་ནང་འོས་བསྡུའི་དེབ་སྐྱེལ་དེ་དགོས་པ་རེད། ཕྱི་ཟླ་༦ ཚེས་༡༨ ནས་འགོ་བཙུགས་ཏེ། ཕྱི་ཟླ་༨ ཚེས་༡༨ བར་དེབ་སྐྱེལ་བྱས་ཟིན་པ་དགོས་པ་རེད་”ཅེས་འགྲེལ་བརྗོད་གནང་སོང།
བྷེལ་ཀོབ་བོད་མིའི་གཞིས་ཆགས་སུ་འོས་བསྡུའི་དེབ་སྐྱེལ་ད་དུང་འགོ་བཙུགས་མ་ཐུབ་པ་མ་ཟད། ས་གནས་འོས་བསྡུའི་ལས་ཁང་གི་མི་ཡང་འོས་བསྡུའི་ལམ་ནས་འཕོ་འགྱུར་གཏོང་རྒྱུའི་དུས་ཚོད་ལ་ཁེལ་ཡོད་པས། དེབ་སྐྱེལ་གྱི་དུས་ཚེས་ད་དུང་རྗེས་ལུས་ཆགས་རྒྱུའི་ཉེན་ཁ་འདུག དུས་ཚོད་ཏག་ཏག་ལ་དེབ་སྐྱེལ་འགོ་འཛུགས་མ་ཐུབ་པ་དེར་དབུས་འོས་བསྡུ་ལས་ཁང་ལ་དགོངས་ཚུལ་ག་རེ་ཡོད་ཅེས་དྲིས་པར། ཁོང་གིས། “འོས་བསྡུ་ལས་ཁང་གི་ཚོགས་མི་དང་ཟུར་དཔང་ཚང་མའི་ལས་རྒྱུན་ལོ་ལྔ་རེ་རེད། དུས་ཚོད་ཕྱི་ཟླ་༨ དང་༩ པར་དུས་ཚོད་རྫོགས་མཁན་འདྲ་མིན་རེད། དུས་ཚོད་མ་རྫོགས་བར་དུ་ལས་ཀ་བྱེད་དགོས་པ་རེད། མི་གསར་པ་སླེབས་པ་ན་དེས་ལས་ཀ་འགོ་འཛུགས་དགོས་པ་ལས། གསར་རྙིང་གི་བར་མཚམས་སུ་ལས་ཀ་མ་བྱས་པར་གསར་པ་སྒུག་ནས་སྡོད་རྒྱུ་ཡོད་པ་མ་རེད། ས་གནས་སུ་ད་དུང་འགོ་འཛུགས་མ་ཐུབ་པ་ཚོར་ཡི་གེ་ཐེངས་གཉིས་བཏང་ཟིན་པ་ཡིན་ལ། ད་དུང་གཏོང་རྒྱུའི་གྲ་སྒྲིག་ཡོད། ས་གནས་ལ་དཀའ་ངལ་ཡོད་ན། འོས་བསྡུའི་སྒྲིག་གཞི་ལྟར། སོ་སོའི་འགན་འཛིན་གྱིས་འགན་ལེན་དགོས་པ་རེད། འགྲོ་སྟངས་དེ་རེད། དཀའ་ངལ་ཡོད་སའི་ས་གནས་ཁག་ཏུ་དབུས་འོས་བསྡུ་ལས་ཁང་ནས་གང་མགྱོགས་དེབ་སྐྱེལ་འགོ་འཛུགས་དགོས་པའི་ཡི་གེ་གཏོང་གི་ཡོད་”ཅེས་འགྲེལ་བརྗོད་གནང་སོང།
བོད་མི་ཁ་འཐོར་ཡོད་ས་དང། ཁྲོམ་ས་ན་ཡོད་མཁན་ཚོའི་ནང་འོས་བསྡུའི་དེབ་སྐྱེལ་འགོ་འཛུགས་བྱས་པ་ད་དུང་མ་གོ་མཁན་ཡང་མང་པོ་ཡོད་ཀྱི་རེད་བསམ་གྱི་འདུག ཚང་མའི་ཤེས་རྟོགས་ཆེད་གསལ་བསྒྲགས་ལས་འགུལ་སྤེལ་རྒྱུ་དང། འོས་བསྡུ་ལས་ཁང་ས་གནས་ས་ཐོག་ཏུ་ཆེད་བཅར་ཐུབ་ཀྱི་རེད་དམ་ཞེས་དྲིས་པར། ཁོང་གིས། “དེབ་སྐྱེལ་དེ་གལ་ཆེན་པོ་དང་གནད་འགག་ཆེན་པོར་བརྩི་ཡི་ཡོད་པ་རེད། ཟླ་བ་གཉིས་གསུམ་རིང་དེབ་སྐྱེལ་བྱེད་ཐུབ་ཀྱི་རེད། འོས་བསྡུ་ལས་ཁང་ཁྲོམ་ས་དེ་ཚོར་དེབ་སྐྱེལ་ཆེད་དུ་འགྲོ་ཐུབ་ཀྱི་མ་རེད། སྔོན་འགྲོ་དང་དངོས་གཞིའི་སྐབས། འོས་བསྡུ་ལས་ཁང་མེད་སའི་ས་གནས་མི་མང་པོ་ཡོད་ས་ཚོར་འོས་བླུགས་ས་བསྐྲུན་དགོས་པ་སྒྲིག་གཞིའི་ནང་དུ་ཡོད་པ་རེད། གསལ་བསྒྲགས་བརྒྱུད་ལམ་ཁག་ནས་མང་པོ་གཏོང་གི་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང།
སྔོན་འགྲོའི་འོས་བསྡུའི་དུས་ཚོད་དེ་བོད་མི་བལ་གོས་ཚོང་པ་ཚོ་ཚོང་ཟོག་བླངས་ནས་འགྲུལ་བསྐྱོད་བྱེད་པའི་དུས་ཚེས་དང་ཁེལ་ཡོད་པ་དང། དངོས་གཞི་དཔྱིད་ཆོས་སྐབས་ནས་ཚང་མ་འགྲོ་བསྐྱོད་ཀྱི་དུས་ཚོད་ཅིག་དང་ཁེལ་ཡོད་པས། མང་ཚོགས་ལ་དུས་ཚེས་སྟབས་མི་འདུག་ཟེར་མཁན་ཡོད་པས། དེའི་ཐོག་དགོངས་ཚུལ་གང་ཡོད་ཅེས་དྲིས་པར། ཁོང་གིས། “མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་བཤད་མཁན་ཡོད་ཀྱི་རེད། འདིར་སྒྲིག་གཞི་གཞིར་བཞག་བྱེད་དགོས་པ་རེད། སྒྲིག་གཞི་དང་མ་འགལ་བའི་ཐོག་ནས། སྟབས་གང་བདེ་བྱེད་ཀྱི་ཡོད་པ་རེད། སྤྱི་འཐུས་དང། བཀའ་བློན་ཁྲི་པའི་འོས་བསྡུ་དུས་གཅིག་ལ་གཏན་ཁེལ་བྱས་པ་ལྟ་བུ་རེད། དངོས་གཞི་དེ་བོད་ཚེས་༡༦ སྨོན་ལམ་དང་གསུང་ཆོས་ཀྱི་བར་མཚམས་སུ་ཁེལ་ཡོད་པ་རེད་”ཅེས་འགྲེལ་བརྗོད་བྱས་སོང།།