ལྕགས་སྒྲོག་ཁྲོད་ཀྱི་འབོད་སྒྲ

 

ངོ་མ་བཤད་ན་ཁྱོད་ནི་རྒྱལ་ཁམས་འགྲིམས་པའི་སྤྲང་བོ་ཞིག་དང་

སྨྱུ་གུ་བཟུང་བའི་དཔེ་ཆ་ཞིག་མ་རེད་དམ། འཁྱམས་པོ་ལགས།

ཁྱེད་ཀྱི་ལག་ཟུང་འདིས་ཉེས་པ་ཅི་ཞིག་བསགས་སོང༌།

དོན་མེད་དུ་ལྕགས་སྒྲོག་གི་མདུད་པ་དགུ་སྒྲིལ་ཞིག་ཁྱེད་ལ་སྤྲད་དོན་ གང༌།

སྐར་ཁུང་མེད་པའི་ཁང་ཆུང་འདི།།

ཁྱོད་ཀྱི་འཚམས་ནག་སྒོ་གཅོད་ཀྱི་ཏིང་འཛིན་མྱོང་ས་ཡིན་ནམ།

ཁྱོད་ལ་འགྲོ་འདུག་སྨྲ་བརྗོད་ཀྱི་རང་དབང་སྤུ་ཙམ་མེད་དོན་གང༌།

ཁྱོད་ལ་ངོ་མི་ཤེས་པའི་ཁྱི་རྒན་འདི་ཚོས་སྡང་ཟུག་དགོས་དོན་གང༌།

ཁྱོད་དང་འདྲ་བའི་ཉམ་ཆུང་དུ་མའི་ཟུངས་ཁྲག་གི་བཞུར་རྒྱུད་ཆད་མ་མྱོང་བ་ གང་ཡིན་ནམ།།

གལ་སྲིད་ང་རང་རང་དབང་གི་མཁའ་དབྱིངས་སུ་འཕུར་པའི་ཐང་དཀར་རྒོད་པོ་ཞིག་ ཡིན་ན།

བཀག་རྒྱ་མེད་པའི་མཁའ་དབྱིངས་སུ་འཕུར་སྟེ་ཞི་བདེ་ཡི་འབོད་སྒྲ་སྒྲོག་ ན་འདོད།

གལ་སྲིད་ང་ལ་སྨྲ་བརྗོད་ཀྱི་རང་དབང་ཞིག་ཡོད་ན།

ངས་སྐུ་དྲག་རང་ལུགས་ཀྱི་བཙན་རྫོང་དེ་གཏོར་ཏེ་ཞི་བདེ་ཡི་རྩྭ་ཐང་ འགྲིམས་ན་འདོད།།

ཡིད་ཆེ་དང་རྣམ་འགྱུར་ཁོ་ན་ལ་རེ་བའི་མི་རིགས་འདི་ནམ་ཞིག་གཉིད་ལས་སངས་ ཐུབ།

རོ་སྒམ་གྱི་གང་བའི་ལྷ་ཁང་དང་དྲག་ཏུ་ཁྲོ་བའི་འབག་སྐུ་ལ་རེ་བའི་མི་ རིགས་འདི་ནམ་ཞིག་ལ་སད་ཐུབ།།

ཀྱེ་ཀྱེ་ན་གཞོན་ཚོ་  གང་ན་ཡོད།    གང་ན་ཡོད།   ན་གཞོན་ཚོ།།

༢༠༠༩་ཟླ་༣་ཚེ་༨་ཉིན་པེ་ཅིན་བཙོན་ཁང་ཞིག་གི་ནང་དུ་འཆར་ཞིང་ཕྱིས་སུ་ཕ་ ཡུལ་དུ་བྲིས།

་བྲག་སྨྱོན་ཡ་མ་རཱ་ཛས།།