ཐོལ་བྱུང་ཚོམ་བུ།
༼གཞིས་ཆགས༽
ཕ་མ་རྒས་འཁོགས་ནང་ལས་གཉེར་ལ་བྲེལ།།
ན་གཞོན་ཕོ་མོས་གཟུགས་བྱད་ཁྲོམ་ལ་ངོམས།།
མི་རིགས་རིག་གཞུང་གོམས་གཤིས་རླུང་ལ་སྤུར།།
དེང་རབས་ཟློ་བའི་དོན་གྱི་རྗེས་ལུས་བ།།
༼རྒས་འཁོགས༽
གདོང་ལ་མ་བྲིས་གཉེར་མ་ངང་གིས་འཁོར།།
ལས་དབང་བཙན་པོའི་ཁ་བས་སྐྲ་ལ་ཟིན།།
མ་ཎི་གྲངས་ཀ་རྩི་བའི་ཕྲེང་རྡོག་བར།།
དཀར་ནག་ཉིན་མཚན་རེ་ཡང་འཆོལ་དཀའ་བ།།
༼གྲྭ་པ་༽
སྟོང་འདང་ཞིག་གིས་ཐག་སྣེ་རིང་དུ་བསྲིངས།།
འཕྲལ་བདེ་མ་བླང་རྐང་འོག་རྡུལ་ལ་སྣོ།།
ལག་པས་གཏན་བདེའི་བྱ་ཡང་མ་ཟིན་པར།།
ཡོད་ཚད་སེམས་ཀྱིས་ཕོ ངས་བའི་སློང་མོ་བ།།
༼སྙན་ངག་པ༽
སྤྱི་ཚོགས་འཕོ་འགྱུར་སྐྱེན་པའི་མུན་ནག་ཁྲོད།།
གསལ་བའི་སྒྲོན་མེ་སྙུག་གུའི་རྩེ་ནས་སྦར།།
སེམས་ཁམས་ཆག་གྲུམས་ཤོར་བའི་ཕམ་ཁའི་འོག།
སྙིང་གི་ན་ཟུག་སྐྱོར་བའི་རྨས་མ་ཞིག།།
___________________________