ཆུ་ལོག་གི་གནོད་འཚེ་ལས་མི་༡༣༢ རྐྱེན་ལམ་དུ་ཤོར་བ།
རྒྱ་ནག་གི་ཅང་ཞི་ཞིང་ཆེན་གྱི་ཡུས་ཅང་རྫོང་ལ་དེ་སྔོན་མཐོང་དཀོན་པའི་ཆབ་པ་དྲག་པོ་བབས་ཏེ། རྫོང་མཁར་ནང་ཁུལ་གྱི་པེ་ཅང་ཆུ་བོ་ཆེར་རྒྱས་ཏེ་ཆུ་རགས་ཁ་རུ་མེར་བ་དང་། ཡུས་ཅང་རྫོང་མཁར་དང་ཕྱི་རོལ་དུ་འགྲོ་སའི་གཞུང་ལམ་བཞི་ཡོད་པ་དེ་དག་ཆུ་ལོག་གིས་བསྣུབས་ཤིང། རྫོང་ཡོངས་ཀྱི་མི་འབུམ་གཅིག་དང་ཁྲི་གཉིས་ལ་ཆུ་ལོག་གི་གནོད་འཚེ་བྱུང་བར་བརྟེན། མི་དེ་དག་མྱུར་སྐྱོབ་ཀྱི་ལས་ཀ་མགྱོགས་མྱུང་ངང་སྒྲུབ་བཞིན་ཡོད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།
ཆུ་ལོག་གི་གནོད་འཚེ་བྱུང་བའི་རྐྱེན་གྱིས་ལྷོ་ཕྱོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་ནང་དུ། ལོ་ཏོག་རྒྱ་མ་སྟོང་ཕྲག་ལྔ་བརྒྱ་དང་སོ་གསུམ་ལྷག་ལ་གནོད་འཚེ་ཐེབས་པ་དང་། གནོད་འཚེ་ལས་མི་༡༣༢ རྐྱེན་ལམ་དུ་སོང་བ་དང་། མི་༨༦ གར་སོང་མེད་པ་ཆགས་པ། ཁང་ཁྱིམ་༦༨༠༠༠ བརྡིབས་ཏེ། རྒྱ་སྒོར་དུང་ཕྱུར་བརྒྱ་དང་བཞི་བཅུ་ཞེ་ལྔ་ཙམ་གྱི་གྱོང་གུད་ཐེབས་ཡོད་པ་མ་ཟད། མི་༨༦༢༠༠༠ ས་ཆ་བདེ་འཇགས་ཡོད་སར་གནས་སྤོ་དགོས་བྱུང་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག །