སྲུང་སྐྱོང་ལྔ་ཡི་དར་ཆ་མཐོན་པོར་སྒྲེང་དགོས་ཟེར།

ཚེས་༢༢ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་མདུན་ཕྱོགས་སུ་རྩོམ་ཡིག་གི་ཁ་བྱང་དུ་《བོད་ཀྱི་མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་》 ཞེས་པའི་ནང་དུ་ཁྱོན་བསྡོམས་ཚན་པ་དགུ་རུ་དབྱེ་ནས་གལ་ཆེན་དྲུག་ཟེར་བ་དང། མཐའ་འཁྱོངས་བཞི། ལྟེ་བ་གཅིག དོན་ཆེན་གཉིས། འགན་ལེན་བཞི། སྲུང་སྐྱོང་ལྔ་ཞེས་པ་བཅས་དུས་རྒྱུན་དུ་ཏང་ཀྲུང་དབྱང་གི་ཁ་ནས་མ་ཎི་བཞིན་གྲངས་འདྲེན་མང་པོ་ཞིག་བྱེད་རྒྱུ་ཡོད་པ་དེ་གཞིར་བཞག་གིས། དམར་ཕྱོགས་དྲུང་ཆེ་ཀྲང་ཆི་ལི་ཡིས་གྲངས་འདྲེན་དེ་དག་ཡང་བསྐྱར་ཚར་གཅིག་བསྐྱོར་འདུག

zhangqingli-2ཚན་པ་དེ་དག་གི་ནང་དུ་ཡུན་རིང་བདེ་འཁོད་ཅེས་པའི་ནང་དུ། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང། སྤྱི་ཚོགས་ཡར་ཐོན་གྱི་སྔོན་འགྲོ་དང། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཀྱི་ཐུན་མོང་བསམ་འདུན་ཞིག་ཡིན། ཏཱ་ལའི་རུ་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཟིང་འཁྲུག་དང་གཏོར་བཤིག་གི་བྱེད་སྒོ་སྤེལ་བ་དང། ཐོག་མཐའ་བར་གསུམ་དུ་བོད་རང་བཙན་དང་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་ལྐོག་གཡོ་གཤོམ་གྱི་ཡོད་པས། ཁོང་ཚོ་ནི་བོད་ཀྱི་འཕེལ་རྒྱས་དང། ཡར་ཐོན་གྱི་འགོག་རྐྱེན་ཆེ་ཤོས་དེ་རེད། ང་ཚོས་སྲུང་སྐྱོང་ལྔ་(སྤྱི་ཚོགས་གཏན་ལྷིང་སྲུང་སྐྱོང་དང། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང། མི་མང་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང། མི་རིགས་མཐུན་སྒྲིལ་སྲུང་སྐྱོང།) ཡི་དར་ཆ་མཐོན་པོར་བསྒྲེངས་ཏེ། དར་ཆ་གསལ་སྟོན་དང། མདུང་རྩེ་ཁ་སྤྲོད། རང་འགུལ་དང་ཁོང་དུ་ཆུད་པ། མི་སེམས་ཐོབ་ཐབས་བྱེད་པ། རྩ་སྲ་རྨང་བརྟན་བཅས་ཀྱི་རྩ་བའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ཕུགས་ཇུས་འདིང་བ་དང། རྩ་བ་བརྟན་གཏོང་གི་བྱ་ཐབས་སྤྱད་དེ་སྔོན་ཇུས་ཡག་པོ་འདིང་བ་དང། རང་འགུལ་དམག་འཐབ་ཡག་པོ་བྱས་ཐོག་བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་སྲིང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་དང། ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་འཁོད་ཡོད་པ་རེད།

མུ་མཐུད་འཁོད་དོན། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་སློབ་གསོ་རྒྱ་ཁྱབ་ངང་བཏང་ནས། མི་རིགས་ཁག་གི་ལས་བྱེད་པ་དང། མང་ཚོགས་ལ་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་གསལ་པོར་རྟོགས་རྒྱུའི་ཁྲིད་སྟོན་བྱེད་པ། ཁ་བྲལ་གཏོར་བཤིག་བྱེད་སྤྱོད་དང། ཉེས་དོན་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་སྔོན་འགོག་ནན་པོ་དང། རྡུང་རྡེག་ནན་པོ་བཏང་ནས་དུས་བདེ་གཏོད་པའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་ཐོག་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆེད་མངགས་སྟོབས་ཤུགས་ཀྱི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། བོད་དང་འབྲེལ་བའི་ཕྱི་འབྲེལ་གྱི་ལས་དོན་དང་ཕྱི་འབྲེལ་དྲིལ་བསྒྲགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དར་རྒྱས་གོང་འཕེལ་འགྲོ་བའི་བོད་ལྗོངས་དེ་ཉིད་འཛམ་གླིང་ཐོག་གི་མི་རྣམས་ཀྱི་མདུན་དུ་ཇི་མ་ཇི་བཞིན་མངོན་པར་བྱེད་པ་བཅས་བྱེད་དགོས་ཞེས་སོགས་འཁོད་ཡོད་པ་རེད།

ད་དུང་རྩོམ་ཡིག་དེའི་ནང་དུ་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་བ་དང། འགན་ལེན་གྱི་ནུས་པར་ཤུགས་སྣོན་རྒྱག་པ། དམག་འཐབ་ཀྱི་ནུས་པ་མཐོ་རུ་གཏོང་བ་སོགས་བོད་ཀྱི་ལས་དོན་ཐོག་འཛིན་པའི་ཀྲུང་དབྱང་གི་སྲིད་ཇུས་ལེགས་འགྲུབ་ཡོང་བ་དགོས་པའི་ནན་བརྗོད་བྱས་པར་བལྟས་ན། སྐད་ཆ་འདྲ་ཆགས་གང་ཞིག་བཤད་ཀྱང་མཐར་གཏུགས་ན་བོད་དེ་ཉིད་དམག་གི་དྲག་ཤུགས་བེད་སྤྱོད་ཀྱིས་ཚ་གཅུན་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དེ་རང་ལས་གཞན་གྱི་ལམ་ཁ་ཞིག་མེད་པའི་རྣམ་པ་གསལ་པོར་མངོན་ཡོད་པ་རེད།།