རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕེང་གི་བསྐོར་བསྐྱོད།

ལའོ་སི་རྒྱལ་ཁབ་ཏུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་མཉམ་འབྲེལ་དང། རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་དུ་ཕན་ཚུན་རོགས་འདེགས་དགོས་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན་ཉིན་དེ་རང་ལ་བྷང་ལ་དྷེ་ཤི་རྒྱལ་ཁབ་ཏུ་སོང་ནས་རྒྱལ་ཁབ་དེའི་སྲིད་འཛིན་དང་སྲིད་བློན་ལ་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་འབྲེལ་བར་ཤུགས་སྣོན་དང། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་གྱི་ཐད་ལ་གཞོགས་འདེགས་དགོས་པའི་རེ་བ་བཏོན་ཡོད་པ་རེད།

norman_460x230ཟླ་འདིའི་ཚེས་༡༧ ཉིན་ཞིའི་ཅིན་ཕེང་ནིའུ་རྫི་ལན་ཌི་རྒྱལ་ཁབ་ཏུ་སོང་ནས་རྒྱལ་ཁབ་དེའི་སྲིད་འཛིན་སོགས་དང་ཐུག་འཕྲད་བྱས་པ་དང། ཚེས་༡༨ ཉིན་ནིའུ་རྫི་ལན་ཌི་གྲོས་ཚོགས་ཁང་ཆེན་མདུན་དུ་སླེབས་སྐབས། ནིའུ་རྫི་ལན་ཌིའི་གྲོགས་ཚོགས་ཀྱི་འཐུས་མི་དང། ཡུལ་དེའི་ལྗང་ཁུ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ར་སེལ་ནོར་མེན་གྱིས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ནས། བོད་ལ་རང་དབང་དགོས། བོད་མི་རིགས་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོབ་ཐང་སྤྲོད་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་ནག་གི་བདེ་སྲུང་མི་སྣས་ཉི་གདུགས་འོག་ཏུ་འགེབས་བྱས་ཀྱང་བཀག་མ་ཐུབ་སྟབས། བོད་ཀྱི་རྒྱལ་དར་ཕྲོགས་ནས་འགོག་ཐབས་བྱས་འདུག འོན་ཀྱང་ཁོང་གིས་མུ་མཐུད། ལུང་པ་འདི་ནི་མང་གཙོ་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་པའི་ང་ཚོའི་རྒྱལ་ཁབ་ཡིན་པས། ཁྱོད་ཚོས་སྨྲ་བརྗོད་རང་དབང་འགོག་མི་ཐུབ། འདི་རྒྱ་ནག་མ་རེད་ཅེས་སོགས་སྐད་འབོད་ཤུགས་ཆེན་བྱས་ནས་ཞིའི་ཅིན་ཕེང་ཚོགས་ཁང་དུ་འཛུལ་མ་ཚར་བར་སྐད་འབོད་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཡང་ཟླ་འདིའི་ཚེས་༡༩ ནས་ཉིན་ལྔའི་རིང་ཞིའི་ཅིན་ཕེང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་ཏུ་ཡུལ་དེའི་སྲིད་བློན་ཁེ་ཝན་རུའུ་ཌི་སོགས་དང་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་ཚོང་དོན་དང་འབྲེལ་ལམ་སོགས་ཀྱི་སྐོར་གྲོས་མོལ་བྱེད་རྒྱུ་དང། དེ་བཞིན་ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁེམ་བྷི་ར་དང། གྲོང་ཁྱེར་མེལ་བྷོན་སོགས་སུ་ལྟ་སྐོར་དུ་འགྲོ་རྒྱུ་ཡིན་པ་རེད། དུས་ཚོད་དེ་དང་སྟབས་བསྟུན་ནས་ཨོ་སི་ཁྲུ་ལི་ཡར་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་རྣམས་ཀྱིས་ངོ་རྒོལ་སྐད་འབོད་བྱེད་རྒྱུའི་གྲ་སྒྲིག་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཨོ་སི་ཁྲུ་ལི་ཡའི་སྲིད་བློན་ཁེ་ཝན་རུའུ་ཌི་དང། ཕྱི་འབྲེལ་བློན་ཆེན་སི་ཊི་ཧྥན་གཉིས་ལ་ཞིའི་ཅིན་ཕེང་དང་ལྷན་དུ་བོད་དོན་སྐོར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག

ཞིའི་ཅིན་ཕེང་ནི། མ་འོངས་ཕྱི་ལོ་༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་གྱི་གོ་གནས་འཛིན་རྒྱུ་ཡིན་པ་གནས་ཚུལ་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

{jcomments on}