ཉི་ཧོང་དུ་༧གོང་ས་མཆོག་གིས་མཛད་འཕྲིན་སྐྱོང་བཞིན་པ།

༧གོང་ས་མཆོག་ཐེངས་འདིར་ཉི་ཧོང་དུ་ཆིབས་བསྒྱུར་གནང་བ་དང་སྟབས་བསྟུན། ཟླ་འདིའི་ཚེས་༡༩ ཉིན་ཉི་ཧོང་ནཱ་གྷ་ནོ་གྲོང་ཁྱེར་དུ་ཡོད་པའི་དགོན་པ་གཉིས་ཀྱི་ནང་ཆིབས་བསྒྱུར་གྱིས། འདི་ལོར་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་ཡུལ་དུ་བསྔོ་སྨོན་གནང་ཡོད་པ་རེད།

photo by tenzin choejorohhdlནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག གསར་འགོད་པའི་དྲི་བའི་ལན་དུ། བོད་ལ་རྒྱབ་སྐྱོར་བྱས་པ་ཞིག་མ་རེད། དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་རེད་ཅེས་དང། གསར་འགོད་པས་རྒྱ་ནག་གི་གཞོན་སྐྱེས་ཚོར་བརྡ་ལན་ཇི་ཡོད་ཞུས་པར། རྒྱ་ནག་གི་གཞོན་སྐྱེས་ཚོས་དེང་དུས་ཀྱི་སྤྱི་ཚོགས་དང་མཐུན་པའི་ཐོག་ནས་གོམ་པ་མདུན་སྤོ་དགོས་པ་དང། རང་ཉིད་ཀྱི་རྒྱལ་ཁབ་ལ་ཞེན་ཁོག་ཡོད་པ་དང། རྒྱ་ནག་གི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱས་པ་དེར་བསྔགས་བརྗོད། ཡིན་ནའང་རང་ཉིད་ཀྱི་མིག་དང་ཨ་མཆོག་གྲུང་པོ་བྱས་ཏེ། རྒྱ་ནག་གཞུང་གི་ཡིག་ཆ་ལ་མིག་བཙུམས་ནས། དད་པ་དང་ཡིད་ཆེས་གཅིག་པུ་མ་ཡིན་པར་གནད་དོན་གང་ཡིན་ལ་དབྱེ་ཞིབ་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་ལན་༧གོང་ས་མཆོག་གིས་གནང་ཡོད་པ་རེད།    དེ་བཞིན་ནཱ་གྷ་ནོ་གྲོང་ཁྱེར་ནང་གི་མང་ཚོགས་ལ། འགྲོ་བ་མིར་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་དགོས་པ་དང། ནང་པ་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་རེད། བོད་དོན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཞེས་བཀའ་སློབ་གནང་ཡོད་པ་རེད།

ཟླ་འདིའི་ཚེས་༢༡ ཉིན་༧གོང་ས་མཆོག་གིས་ནཱ་གྷ་ལ་གྲོང་ཁྱེར་དུ་༡༩༦༤ ལོར་བཞེངས་པའི་མཆོད་རྟེན་ལ་རབ་གནས་དང་ཐུགས་སྨོན་གནང་རྗེས། མཆོད་རྟེན་དེ་བཞེངས་མཁན་ཚོ་ད་ལྟ་བཞུགས་མེད་ནའང། ཁོང་ཚོས་སྨོན་ལམ་བརྒྱབ་བཞག་པ་དེ་ད་དུང་གནས་ཡོད་པས་ཐུགས་རྗེ་ཆེ་ཞེས་མཆོད་རྟེན་ལ་ཞབས་ཕྱི་ཞུ་མཁན་བཀའ་སློབ་གནང་ཡོད་པ་རེད། དེ་བཞིན་མང་ཚོགས་ལ་བདེན་པ་བཞིའི་གསུང་ཆོས་གནང་ཡོད་པ་རེད།  ༧གོང་ས་མཆོག་གིས། སོ་སོ་དཀའ་ངལ་ག་རེ་འཕྲད་ནའང། ངའི་སེམས་ཀྱི་རྒྱུད་ན་ཁམས་བདེ་གཤེགས་སྙིང་པོ་ཡོད། མཐར་ཐུག་ང་སངས་རྒྱས་ཐུབ་ཀྱི་རེད། འཕྲལ་སེལ་དཀའ་ངལ་ཏན་ཏན་སེལ་ཐུབ་པའི་སྤོབས་པ་དགོས་པ་རེད། ལྷ་ཁང་ལ་ཡོང་ནས། འཕྲལ་སེལ་གྱི་དཀའ་ངལ་དཀོན་མཆོག་ཁྱེེད་རང་གིས་སེལ་དགོས་པ་རེད་ཅེས་སྨོན་ལམ་བརྒྱབ་ནས་དཀའ་ངལ་སེལ་ཐུབ་ཀྱི་མ་རེད། དེའི་སྐབས་དཀོན་མཆོག་ལ་གསོལ་བ་བཏབ་ནའང་ཕན་ཐོགས་མི་འདུག་ཅེས་སྡུག་སྐད་རྒྱག་དགོས་འབྱུང་གི་རེད། བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་ཡིན་གསུངས་ཡོད་པ་རེད། སེམས་ཅན་སོ་སོའི་མགོན་དེ་སོ་སོ་རེད། དེར་བརྟེན། སོ་སོ་སྡུག་བསྔལ་ལས་གྲོལ་བ་ལ་སོ་སོས་འབད་བརྩོན་བྱེད་དགོས་པ་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།།