བཀའ་ཤག་ནས་བཀའ་ལན་རག་མིན་བཤད་ཁག་པོ་རེད།
ཟླ་འདིའི་ཚེས་༢༢ ཞོགས་པའི་ཆུ་ཚོད་༩ ཕྱེད་ཐོག་སྤྱི་འཐུས་རྒྱ་རི་བུ་ཕྲུག་དང། དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་རྣམ་གཉིས་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་ཕེབས་ནས། ལུགས་བསམ་ཁྱབ་ཁོངས་ཀྱི་མི་མང་ཉིས་བརྒྱ་ལྷག་ལ་གསུང་བཤད་གནང་ཡོད་པ་རེད།
དྲི་བ་དྲིས་ལན་སྐབས་མི་མང་གིས་ས་གནས་ཀྱི་གནས་བབས་སྙན་སེང་ཞུས་དོན། སྦེལ་ཀོབ་ས་གནས་ཀྱི་དཀའ་ངལ་ཆེ་ཤོས་ནི་སློབ་གྲྭ་ཁག་ལ་ཤེས་ཚད་ལྡན་པའི་དགེ་རྒན་དཀོན་པ་དང་། གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཡང་ནས་ཡང་དུ་འཕོ་འགྱུར་འགྲོ་ཡི་ཡོད་པས་ས་གནས་ཀྱི་ལས་དོན་མང་པོ་འཐུས་ཤོར་འགྲོ་ཡི་འདུག ད་དུང་སློབ་ཕྲུག་འཛིན་རིམ་བཅུ་གཉིས་ཐོན་པའི་རྒྱུགས་སྤྲོད་བརྒྱ་ཆ་༤༩.༩ ཐོབ་པ་ཞིག་ཡིན་ན་ཡང། འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་རག་གི་མེད་པས་མུ་མཐུད་ནས་སློབ་སྦྱོང་བྱེད་འདོད་ཡོད་ཀྱང། སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་བརླག་འགྲོ་ཡི་འདུག སྒྲིག་གཞི་འདིས་སློབ་ཕྲུག་ཚོར་དཀའ་ངལ་ཆེན་པོ་འདུག་ཅེས་དང་། བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྔོན་འགྲོའི་འོས་བསྡུའི་དུས་ཚོད་གཞིས་ཆགས་ཀྱི་བལ་གོས་ཚོང་བསྐྱོད་ཀྱི་དུས་ཚོད་དང་ཁེལ་ཡོད་པར་བརྟེན་མི་མང་གིས་འོས་བསྡུའི་ཆ་ཤས་ལེན་རྒྱུར་དཀའ་ངལ་འདུག་པས་དུས་ཚོད་སྔ་བསྣུར་དགོས་པའི་རེ་སྐུལ་ཡང་ཞུས་སོང།
གཞན་ཡང་བོད་མི་མང་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་བོད་ཀྱི་རྩ་དོན་དང་མ་འབྲེལ་བའི་གནས་ཚུལ་ཐོག་ཚུལ་མིན་གྱི་བགྲོ་གླེང་དང། འཐེན་འཁྱེར་བྱས་ན་མི་མང་བློ་ཕམ་ཡོང་གི་འདུག མང་ཚོགས་དང་རྩ་དོན་ལ་འགན་ཁུར་ཡོད་པའི་བཟང་སྤྱོད་དང་ལྡན་པའི་བཀའ་མོལ་གནང་དགོས་པ་དང་། ༧རྒྱལ་བའི་བཀའ་དགོངས་ཐོག་ཤར་བསྐྱོད་དགོས་པའི་རེ་སྐུལ་ནན་མོ་ཞུས་སོང་། རེ་སྐུལ་དང་བསམ་ཚུལ། དྲི་བ་བཅས་ཀྱི་སྐབས་བོད་མི་མང་སྤྱི་འཐུས་རྣམ་པས་དྲིས་ལན་དང་གསལ་བཤད། དོག་གཅོད་གནང་བ་དང། ང་ཚོས་མི་མང་གི་བདེ་སྡུག་གནས་ཚུལ་གང་ཡོད་ལ་བགྲོ་གླེང་བྱས། ཡིག་ཐོག་ཏུ་ཕབ་ནས་ཡར་བཀའ་ཤག་ལ་འབུལ་དགོས་པ་རེད། འོན་ཀྱང་། བཀའ་ཤག་ནས་ང་ཚོར་ལན་གནང་གི་མེད་པར་བརྟེན་ང་ཚོས་ཡང་ནས་ཡང་དུ་ཡར་ཞུ་དགོས་ཀྱི་འདུག དེའི་ཐོག་དཀའ་ངལ་འདུག ད་ཐེངས་ཀྱི་གནས་ཚུལ་འདི་དག་ཡར་བཀའ་ཤག་ལ་འབུལ་རྒྱུ་ཡིན་མོད། བཀའ་ལན་རག་གི་ཡོད་མེད་བཤད་ཁག་པོ་རེད་ཅེས་གསུངས་སོང་།།
མེ་སོར་གསར་འགོད་པས།