དྷ་སའི་ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ།
སྤྱིར་མེག་ལོར་གྱི་སྲང་ལམ་གཡས་གཡོན་དུ་ཐང་ཁྲོམ་སྟོན་མཁན་ཧ་ཅང་མང་བ་དང། ཡུལ་སྐོར་སྤྲོ་འཆམ་པ་མང་པོས་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་སུ་མི་འདོད་པའི་ཞུ་གཏུགས་བྱས་ཡོད་པ་དང། ལྷག་པར་ས་གནས་ཀྱི་ཧིན་རྡིའི་གསར་ཤོག་ཅིག་གི་ནང་དུ་མེག་ལོར་གྱི་ཁྲོམ་ལམ་གཡས་གཡོན་དུ་རླངས་འཁོར་ཐར་དཀའ་བ་མ་ཟད། མི་ཡང་ཐར་དཀའ་བའི་གནས་སུ་གྱུར་འདུག་ཅེས་སོགས་གསར་འགྱུར་ཞིག་སྤེལ་བར་བརྟེན་སིམ་ལ་མངའ་སྡེ་ནས་ཀྱང་དེའི་སྐོར་རྩད་གཅོད་བྱས་ཡོད་འདུག
ཤེས་རྟོགས་བྱུང་བ་ལྟར་ན་ཟླ་འདིའི་ཕྱི་ཚེས་༢༨ ཉིན་ས་གནས་ཀྱི་ཉེན་རྟོག་པ་ཁག་བགོས་ཀྱིས་མེག་ལོར་གྱི་ཐང་ཁྲོམ་སྟོན་མཁན་རྣམས་ཕྱིར་འཕུད་བྱེད་རྒྱུ་ཡིན་པ་དང། སྐབས་དེར་བཅའ་ལག་ག་རེ་ཡོད་ཀྱང་ཚང་མ་གཞུང་བཞེས་ཀྱིས་ཕྱིར་སྤྲོད་བྱེད་རྒྱུ་མིན་ཚུལ་འདུག དེའི་རྗེས་སུ་གལ་སྲིད་ཐང་ཁྲོམ་སྟོན་མཁན་ཡོད་ན་ཐོག་མ་ཉེས་ཆད་གཏོང་རྒྱུ་ཡིན་པ་དང། དེའི་རྗེས་ནས་ད་དུང་མ་ཉན་ན་ཁྲིམས་ཐོག་ཏུ་སྐྱེལ་རྒྱུ་ཡིན་འདུག
དེ་བཞིན་ཚོགས་འདུ་དེའི་ཐོག་མེག་ལོར་གྱི་བོད་པའི་ཁང་པ་མང་པོ་ཞིག་ཤིང་ནགས་ལས་ཁུངས་ཀྱི་ས་ཆའི་ཐོག་ཁྲིམས་འགལ་གྱིས་བརྒྱབ་བཞག་པ་དང། ཁག་ཅིག་སྔོན་མ་༧གོང་ས་མཆོག་གི་མཚན་ཐོག་ཏུ་བསྒྱུར་ཡོད་པ་ལས། གཞན་ཁང་པ་༢༠༠ ལྷག་ཡོད་པ་རྣམས་ལ་ཁྲིམས་ཐོག་ནས་རྩད་གཅོད་བྱེད་རྒྱུ་ཡིན་ཚུལ་ཡང་ཚོགས་འདུ་དེའི་ཐོག་ཏུ་གླེང་ཡོད་ཚུལ་འདུག་པ་བཅས། དྷ་ས་ཁུལ་གྱི་བོད་རིགས་དབུལ་ཕྱུག་གང་མང་ཞིག་སེམས་འཚབ་ནང་དུ་གནས་ཡོད་པ་རེད།།
{jcomments on}