འོས་བསྡུའི་སྐབས་མི་མང་མགོ་འཐོམ་འདུག

མི་མང་གིས་འོས་བསྡུ་བྱས་པའི་བཀའ་སྤྱིའི་དབང་ཚད་དང། འོས་བསྡུའི་འགྲོ་སྟངས་གང་ལ་བལྟས་ཀྱང་མང་གཙོ་ཚད་ལྡན་ཞིག་མིན་མོད། ལྟོས་ས་ལྟོས་འཇོག་དང། རང་གི་དགོས་མཁོ་དང་གནས་བབས་ཀྱི་ཆ་ནས་ཚུལ་མཐུན་ཆགས་ཡོད། ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེབས་བྱེད་འགོ་ཚུགས་པ་དང། སྤྱི་ཚོགས་ནང་འོས་བསྡུའི་སྐོར་ལ་དོ་སྣང་ཤུགས་ཆེ་རུ་སོང་ཡོད་ལ། ཐེངས་འདིའི་བཀའ་ཁྲིའི་འོས་བསྡུ་ཡང་སྔར་དང་བསྡུར་ན་འཁྲུག་ཆ་དོད་པོ་ཆགས་ཀྱི་འདུག

ཡིན་ནའང། མི་མང་ཁྲོད་ངེས་པར་དུ་དགོས་པའི་འོས་བསྡུའི་སྐོར་གོ་རྟོགས་དེ་ཙམ་མི་འདུག་ལ། གནས་ཚུལ་དབྱེ་ཞིབ་མ་ཤེས་པར་མི་མང་འགོ་འཐོམ་བྱེད་ཡང་མང་པོ་འདུག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང། སྒེར་པ་སོགས་ཀྱིས་བཀའ་ཁྲིའི་འོས་གཞི་ཁྱབ་བསྒྲགས་དང། དྲ་རྒྱ་བརྒྱུད་ནས་འོས་ཤོག་བླུགས་པ་སོགས་ཀྱི་ལས་འགུལ་སྤེལ་སྐབས། འོས་མི་དེ་དག་གཞུང་འབྲེལ་གྱིས་གཏན་འབེབས་བྱས་པར་གོ་བ་ལེན་མཁན་དང། དོགས་པ་བྱེད་མཁན་གང་འཚམས་འདུག དཔེར་ན། 《བཀའ་བློན་ཁྲི་པའི་དྲ་རྒྱ་》ཞེས་པའི་ནང་གི་བཀའ་ཁྲིའི་འོས་མི་དེ་དག་གཞུང་འབྲེལ་གྱིས་ཐག་གཅོད་རེད་དམ་ཞེས་དྲི་བ་འདྲི་མཁན་བྱུང་བར་བརྟེན། དབུས་འོས་བསྡུ་ལས་ཁང་ནས་དེ་གཞུང་འབྲེལ་མིན་པ་གསལ་བཤད་གནང་དགོས་བྱུང་ཡོད།

ཉེ་བའི་ཆར་ནས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་མི་གཉིས་ས་གནས་གང་སར་ཁྱབ་བསྒྲགས་བྱས་པ་དེས་མི་མང་ཁྲོད། ཁོང་གཉིས་གང་རུང་ཞིག་ལ་ངེས་པར་འོས་བླུགས་དགོས་པ་ཡིན་པའི་གོ་བ་བླངས་ཏེ་མགོ་འཐོམ་མཁན་ཡོད་ལ། དེ་བཞིན་ཚོགས་པ་གཅིག་གིས་མི་གཉིས་ཁྱབ་བསྒྲགས་ཤུགས་ཆེན་བྱས་ན། ང་ཚོར་ཁ་གཏད་ཆབ་སྲིད་ཚོགས་པ་མེད་པས། མང་གཙོ་ཚོགས་པས་བཏོན་པའི་འོས་མི་གཉིས་ཁྱབ་བསྒྲགས་ཤུགས་ཆེན་བྱུང་སྟེ། མི་མང་ཁྲོད་འོས་མི་གཞན་པ་ལ་བསམ་བློ་འཁོར་མི་ཐུབ་པ་ཆགས་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་མཁན་ཡང་འདུག

འོས་བླུགས་སྐབས་སོ་སོར་ཆ་རྐྱེན་ག་རེ་ཚང་དགོས་མིན་མ་ཤེས་པར། དཔྱ་ཁྲལ་ལག་དེབ་ཐོག་འོས་བསྡུའི་དེབ་སྐྱེལ་དགོས་པ་མ་ཤེས་པར་མགོ་འཐོམ་ནས་སྡོད་མཁན་ཡོད་ལ། བོད་མི་ཁ་འཐོར་གྱི་ས་གནས་དང། རྒྱུན་དུ་ཁྲོམ་ས་དང་གྲོང་ཁྱེར་དུ་སྡོད་མཁན་ཡིན་ན། འོས་བསྡུའི་དེབ་སྐྱེལ་བྱེད་ས་སྟབས་བདེ་གཞུང་གིས་གོ་སྒྲིག་ཀྱང་བྱེད་ཐུབ་མེད། སྔོན་མ་དེབ་སྐྱེལ་བྱས་ཟིན་མཁན་ཚོས་ཀྱང་བསྐྱར་དུ་དེབ་སྐྱེལ་དགོས་པར་བསམ་བློ་འཁོར་བ་དང། སྐད་ཆ་འདྲི་མཁན་འབྱུང་བཞིན་ཡོད། ཁག་ཅིག་གིས་དཔྱ་ཁྲལ་སྤྲད་ནས་དེབ་སྐྱེལ་སྐོར་ལ་དོ་སྣང་ཙམ་ཡང་མ་བྱས་པར་མགོ་འཐོམ་ནས་ལྷག་མཁན་ཡང་ཡོད།

དེ་ལས་གནད་འགག་ཆེ་བའི་མི་མང་མགོ་འཐོམ་བྱེད། ༡ ཡོངས་གྲགས་མ་ཡིན་པའི་འོས་མིར་ལངས་མཁན་ཁག་ཅིག་ཡོད་ཚོད་འདུག་ལ། དེ་ཚོའི་ནང་དུ་སོ་སོ་ལ་བཀའ་ཁྲིའི་འོས་ཐོབ་རྒྱུའི་རེ་བ་མེད་ནའང། མང་ཚོགས་ཁྲོད་གང་འཚམས་ཁྱབ་བསྒྲགས་འགྲོ་ཆེད་དུ་གསལ་ལ་མ་གསལ་ངང་འོས་ཤོག་ལ་རེ་བ་རྒྱག་མཁན་དང། ཡང་བཀའ་ཁྲིར་རེ་བ་ཡོད་བཞིན་དུ་མངོན་གསལ་མ་བྱས་པར་ནང་ཚགས་བརྒྱུད་དེ་སྟབས་བདེའི་ངང་འོས་ཤོག་རག་ཐབས་ལ་རེ་བ་རྒྱག་མཁན་སོགས་འདྲ་མིན་ཡོད་པའི་མཐོང་སྣང་བྱུང། དེ་ཚོས་མི་མང་མགོ་འཐོམ་བྱེད་དང། མི་མང་སྤྱིའི་འོས་ཤོག་ཁ་འཐོར་དུ་འགྲོ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད།

༢ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཚོགས་པ་མེད་པས། བཀའ་སྤྱི་གཉིས་ཀྱི་འོས་མིའི་ཁྱབ་བསྒྲགས་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང། སྒེར་སོ་སོས་བྱེད་བཞིན་ཡོད། སྐབས་དེར་སྤྱི་ཚོགས་ནང་ནུས་ཤུགས་ཅུང་ཡོད་པའི་ཚོགས་པ་མིན་པའི་‘མིང་མེད་པའི་ཤོག་ཁག་ཚོགས་པ་’ཁག་གིས་གསལ་ལ་མ་གསལ་ངང་སོ་སོའི་ཤོག་ཁག་གི་མི་སྣ་ཚོར་འོས་ཤོག་རག་ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་སྟོན་གྱི་ཡོད་ལ། འོས་ཤོག་དགོས་མཁན་རེ་ཟུང་གིས་མང་ཚོགས་ནང་སྐད་ཆ་བཤད་ནས་འོས་རག་ཐབས་མ་བྱས་པར། སྤྱི་ཚོགས་ནང་ཆོ་འཕྲུལ་གྱི་ནུས་པ་ཅུང་ཡོད་པའི་མི་སྣ་ཚོར་ངོ་དགའ་སྤྲེལ་ལད་འཁྲབ་པ་མ་ཟད། ཁོང་གིས་གང་བཤད་ལ་རྩ་འཛིན་བྱེད་རྒྱུའི་དམ་བཅའ་བྱེད་མཁན་ཡང་ཡོད་ཚོད་འདུག་པས། (འདི་ལ་བོད་མིའི་ངག་རྒྱུན་དུ་ས་འོག་དར་ཐག་གི་འབྲེལ་བ་ཟེར།) འདི་ནི་ཉེན་ཁ་ཆེན་པོ་ཞིག་ཀྱང་རེད། དེ་ལྟར་བྱས་ཏེ་མི་དང་མི་བརྒྱུད་ནས་འོས་མི་བཀྲམ་པ་དག་ལ་མི་མང་གིས་འོས་ཤོག་བླུགས་ཀྱི་ཡོད། མི་དེ་ཚོ་གྲོས་ཚོགས་དང། བཀའ་ཤག་གང་གི་ནང་དུ་སླེབས་ཀྱང་སོ་སོའི་རྒྱབ་ལོག་གི་མངོན་གསལ་མེད་པའི་ཤོག་ཁག་ཚོགས་པ་དེའི་མི་སྣ་ཚོར་བསྟུན་ནས་ལས་དོན་བྱེད་པ་ལས། དངོས་སུ་འོས་བླུགས་མཁན་གྱི་མི་མང་ལ་བསྟུན་ཐབས་མེད།

མཁས་དབང་ཟམ་གདོང་རིན་པོ་ཆེས། “མི་མང་གིས་འོས་འདེམས་བྱས་ཏེ་སྤྱི་འཐུས་བཏང་། སྤྱི་འཐུས་དེས་གྲོས་ཚོགས་ནང་མང་ཚོགས་མང་ཆེ་བའི་མངོན་འདོད་དང་དགོངས་ཚུལ་ག་རེ་ཡིན་པ་དེ་མ་མཁྱེན་པའམ། མཁྱེན་བཞིན་དུ་གྲོས་ཚོགས་ནང་རང་ཉིད་གང་ལས་ཡོང་ས་དེའི་མང་ཚོགས་ཀྱི་བསམ་ཚུལ་དང་མ་མཐུན་པ་བྱས་ནས། རང་ཉིད་ཀྱི་དགོངས་ཚུལ་དང་། ཡང་མིན་ན་སྐབས་སོ་སོ་ལ་རང་ཉིད་ཁ་ལོ་སྒྱུར་མཁན་གྱི་རྒྱབ་ལོག་གི་མི་དེ་ཚོའི་དགོངས་ཚུལ་དང་བསྟུན་ནས་ཕྱག་ལས་གནང་བ་ཡིན་ན། མང་གཙོའི་འཕེལ་རིམ་མདུན་སྐྱོད་བྱེད་ཐུབ་ཀྱི་མ་རེད་ལ། མང་གཙོའི་དགོས་དམིགས་དེ་ཡང་མ་འགྲུབ་པ་རེད། དེའི་ཐོག་ལ་ང་ཚོས་དགོངས་བཞེས་གནང་དགོས་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་ཡོད་”རེད་ཅེས་གསུངས་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་རང་བཙན་ཡོད་པའི་རྒྱལ་ཁབ་དང་མི་འདྲ་བར་ལས་འཆར་འདྲ་མིན་བསྒྲིགས་སྟེ། མང་ཚོགས་ཁྲོད་འོས་ལངས་བྱེད་རྒྱུ་ཤིན་ཏུ་དཀའ་ལ། མི་མང་ལ་ཧེབ་ལངས་བྱེད་ཀྱི་འགྲུབ་ཐབས་མེད་པའི་འུར་ཤོབ་དང། བསྒྲགས་གཏམ་སྣ་ཚོགས་མ་སྤེལ་ཡང་འགྲིག་མོད། མངོན་གསལ་མ་ཡིན་པའི་འོས་ཤོག་སློང་བ་ལས། སོ་སོས་བྱེད་ཐུབ་པའི་ལས་འཆར་ཆུང་ཆུང་རེ་ཁྱེར་ཡོང་ནས། མི་མང་ལ་བསམ་ཚུལ་གང་ཡོད་དང། དེའི་ཐོག་རྒྱབ་སྐྱོར་རག་ཐབས་བྱས་ན། གོ་གནས་ཐོབ་རྗེས་ལས་ཀ་བྱེད་བདེ་ལ། མི་མང་ལ་གདམ་ཀ་ཡག་པོ་ཞིག་ཀྱང་སྤྲད་ཡོད་པ་རེད། འདི་ནི་ནམ་རྒྱུན་བཤད་སྟངས་ལྟར་བཙན་བྱོལ་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་ཚོ་བོད་མི་མང་དང། གཞུང་ལ་ནུས་ཚོད་ཀྱིས་ཞབས་ཕྱི་ཞུ་འདོད་ཡོད་པ་ལས། སྒེར་ལ་ཁེ་ཕན་ཆེན་པོ་འཐོབ་རྒྱུ་གང་ཡང་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། མང་ཚོགས་ལ་ལས་འཆར་གྲ་སྒྲིག་དང། བསམ་ཚུལ་བརྗེ་ལེན་བྱས་ཏེ། འོས་ཤོག་ཐོབ་ན། ལྷག་བསམ་རྣམ་དག་གིས་བོད་མི་མང་དང་གཞུང་ལ་ཞབས་ཕྱི་ཞིག་ཀྱང་རེད་ལ། དེ་ལ་བརྟེན་ནས། མི་མང་ཚོ་ཡང་མགོ་འཐོམ་མ་དགོས་པར་མང་གཙོའི་འགྲོ་སྟངས་དང། འོས་བསྡུའི་འཕེལ་རིམ་སོགས་ལ་རྒྱུས་མངའ་ཆེན་པོ་ཆགས་རྒྱུ་ཡིན་པ་ནི་སྨོས་མེད་རེད།

སྒྲུང་ཐུང་ཞིག་བཤད་ན། བོད་མིའི་གཞིས་ཆགས་ནས་འཚར་ལོངས་བྱུང་སྟེ། ད་ལྟ་མཐོ་རིམ་སློབ་གྲྭར་འགྲོ་བཞིན་ཡོད་པའི་བུ་མོ་ཞིག་གིས་“ངས་འོས་ཤོག་བླུགས་པ་ཡིན། སྔོན་མ་ཞིག་ལ་ས་གནས་བརྒྱ་དཔོན་གྱིས་འོས་ཤོག་བླུགས་སར་ཤོག་ཟེར་ནས་སིལ་བརྒྱབ་སོང། ལམ་སང་ཕྱིན་པ་ཡིན་མོད། འོས་ཤོག་སུ་ལ་བླུགས་དགོས་པ་དང། འོས་བསྡུ་བྱེད་ཀྱི་ཡོད་པ་དེ་སྔོན་གཅིག་ཀྱང་གོ་སྒྲིག་བྱས་མེད་”ཟེར། ཡང་འོས་བསྡུའི་ཉིན་འགེངས་ཤོག་ལག་ཏུ་བཟུང་ནས། འོས་མི་མ་རག་པར་གཞི་ནས་བསམ་བློ་གཏོང་མཁན་ཡང་མཐོང་མྱོང།

གནས་ཚུལ་འདི་དག་གིས་བཙན་བྱོལ་བོད་མི་སྤྱིའི་གནས་ཚད་མཚོན་མི་ཐུབ་ལ། མང་ཆེ་བའི་གནས་ཚད་མཚོན་གྱི་ཡོད་མེད་ཀྱང་མི་ཤེས་མོད། ཟུར་གཅིག་མཚོན་གྱི་ཡོད་པས། དེས་འོས་བསྡུའི་བརྒྱུད་རིམ་ལ་ཤུགས་རྐྱེན་ཡང་ངན་པ་ཐེབས་ཀྱི་ཡོད། ཅིག་བྱས་ན། འདི་ངའི་“རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་”ཡིན་གྱི་རེད་མོད། གང་ལྟར་མང་གཙོའི་སྤྱི་ཚོགས་ཤིག་བསྐྲུན་དགོས་ན། འོས་བསྡུའི་སྐོར་ལ་དོ་སྣང་བྱེད་དགོས་པ་ནི་སྨོས་མེད་རེད།།