བརྟན་བཞུགས་ཚིག་རྐང་ཉེར་གཅིག་མ།
༧མགོན་པོ་གང་གི་ཞབས་ཟུང་ཟིན་པའི་བུ་ཆུང་ངས།།
ཚེ་སྔོན་བསགས་པའི་དགེ་བའི་ལས་ཀྱི་ས་བོན་ལས།།
ཞལ་མཇལ་གསུང་ཐོས་སྐལ་བཟང་བྱུང་བའི་བཀའ་དྲིན་ནི།།
སྟོང་གསུམ་གསེར་གྱིས་བཀང་སྟེ་འཇལ་ཡང་ག་ལ་ནུས།།
འོན་ཀྱང་ལྷད་མེད་ཡིད་ཀྱི་དཀར་གཙང་ཤོག་བུའི་སྟེང།།
འགྱུར་མེད་དད་པའི་སྨྱུ་གུས་གསོལ་འདེབས་མཆོད་པ་འདི།།
མཐའ་མེད་སེམས་ཅན་ཡོངས་དང་ཁྱད་པར་རིང་དུ་ནས།།
ལས་སྨོན་ཡོངས་སུ་རྫོགས་པའི་མགོན་མེད་གངས་ཅན་པའི།།
རང་དབང་བདེ་སྐྱིད་མྱུར་དུ་འཆར་ཆེད་༧རྒྱལ་བར་མཆོད།།
དགུང་གྲངས་བདུན་ཅུ་དོན་ལྔའི་འཁྲུངས་སྐར་འདི་ལ་མཆོད།།
སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་དུ་མཆོད།།
སྐལ་དམན་འགྲོ་བའི་བསོད་ནམས་རྫོགས་པའི་དོན་དུ་མཆོད།།
མཆོད་དོ་མཆོད་དོ་འགྱུར་མེད་རྡོ་རྗེའི་དད་པས་མཆོད།།
གསོལ་ལོ་གསོལ་ལོ་ལྷད་མེད་དམ་ཚིག་ཡིད་ཀྱིས་གསོལ།།
སྐུ་ཚེ་མི་གཤེགས་རྡོ་རྗེའི་ཁམས་སུ་བཞུགས་སུ་གསོལ།།
མི་ཤེས་མཚན་མ་གང་ཡང་མེད་པར་ཞུགས་སུ་གསོལ།།
མགོན་མེད་འགྲོ་བ་ཡོངས་ཀྱི་ཆེད་དུ་བཞུགས་སུ་གསོལ།།ཞེས་གུས་བྱང་གཽ་བློ་ལྡན་ནས་ཡུན་རིང་ཟིན་བྲིས་སུ་བཏབ་སྟེ་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་དགུང་གྲངས་དོན་ལྔ་དེང་གི་འགྲོ་ལུགས་ལ་དུས་ཆེན་ཁྱད་པར་ཅན་བརྩི་བའི་སྲོལ་ལུགས་འདིར་རང་རིགས་སྤུན་ཟླ་ཙམ་མིན་པར་མགོན་མེད་འགྲོ་བ་ཡོངས་ཀྱི་བསོད་ནམས་གསོག་པའི་དགེ་རྩར་དམིགས་པས། དགེ་བས་སྐྱེ་འགྲོ་ཡོངས་དང། ལྷག་པར་རང་རིགས་སྤུན་ཟླ་ཡོངས་ལ་རང་དབང་གི་ཉི་ཟེར་མྱུར་དུ་འཆར་བའི་རྒྱུར་འགྱུར་ཅིག།།།